ད་ལོར་བོད་ལུགས་ས་གདན་འགྲེམས་ཚོགས་སུ་བཤམས་པའི་ཐོན་རྫས་ཕྱིར་བཙོང་ཚད་ཨ་སྒོར་ཁྲི8300ལ་སླེབས་པ།

ཟླ6པའི་ཚེས6ཉིན། དུས་ཡུན་ཉིན5རིང་གི2018ལོའི་ཀྲུང་གོའི(མཚོ་སྔོན)བོད་ལུགས་ས་གདན་རྒྱལ་སྤྱིའི་འགྲེམས་ཚོགས་བདེ་བླག་ངང་མཇུག་སྒྲིལ།  ཐེངས་འདིའི་འགྲེམས་ཚོགས་དེ་སྐབས་སྔོན་མ་དང་བསྡུར་ན་གཞི་ཁྱོན་ཆེ་ལ། རྒྱལ་སྤྱིའི་ཆེད་ལས་རང་བཞིན་ཡང་སྔར་བས་མངོན་གསལ་དོད་པོ་ཡིན་པས། རང་ཞིང“ཁུལ་གཅིག་ལམ་གཅིག”ཁྲོད་འཇུག་པའི་གོམ་ཁ་ཇེ་མགྱོགས་སུ་བཏང་ནས་འཛམ་གླིང་བར་གྱི་བར་ཐག་ཇེ་ཉེར་བསྟུངས་བ་རེད།

ཐེངས་འདིའི་འགྲེམས་སྟོན་གྱིས“ས་གདན་སྤུས་ལེགས་འཐག་ནས‘ཁུལ་གཅིག་ལམ་གཅིག’ལ་འབྲེལ་ཟམ་འདིང”ཞེས་པ་བརྗོད་གཞིར་བཟུང་སྟེ།  ཁྱད་ཆོས་མངོན་པར་གསལ་ལ།  བཀྲག་མདངས་མངོན་པར་མཚར་བ། གྲུབ་འབྲས་ཕུན་སུམ་ཚོགས་པ་གཟེངས་སུ་གཏོད།  ཉིན་ལྔའི་རིང་གི་འགྲེམས་སྟོན་དང་བརྗེ་སྤེལ། ཚོང་མོལ་ཉོ་ཚོང་བརྒྱུད། ཚོད་དཔག་བྱས་ན་ཚོང་འགྲིག་ཚད2017ལོའི་ཨ་སྒོར་དུང་ཕྱུར1.96དང་ཧ་ལམ་མཉམ་པོ་ཡོད་ལ། ད་སྔ་ཚོང་ར་དངོས་ནས་ཕར་བཙོང་ཚད་ཨ་སྒོར་ཁྲི8300ཡིན་འདུག་པ་དེ་སྐབས་སྔོན་མ་དང་བསྡུར་ན་ཧ་ལམ4.3%འཕར་འདུག

རྒྱལ་སྤྱིའི་རང་བཞིན་གྱི་ཆེད་ལས་འགྲེམས་ཚོགས་ཀྱི་ཁྱད་ཆོས་གཟེངས་སུ་མངོན་པ་དང་། རྒྱལ་སྤྱིའི་བར་གྱི་ཐོན་ལས་ཉོ་ཚོང་གི་བརྗེ་སྤེལ་གཏིང་ཟབ་དུ་གཏོང་བ།  རང་ཞིང་གི“ཁུལ་གཅིག་ལམ་གཅིག”རྒྱུད་དུ་ཆགས་པའི་རྒྱལ་ཁབ་བར་མཉམ་ལས་བྱེད་པའི་ཁྱབ་ཁོངས་ཇེ་ཆེར་གཏོང་བ་བཅས་ཀྱི་ཆེད་དུ། ཐེངས་འདིའི་འགྲེམས་ཚོགས་ཀྱིས་འཛམ་གླིང་ཧྲིལ་པོའི་ས་གདན་ཆེད་ལས་གླེང་སྟེགས་དང་ཇུས་འགོད་མཁན་གྱི་མཚན་མོ་ཞེས་པ་སྤེལ་ནས་ཨ་རིའི《གྲོང་ཁྱེར་ཆེན་མོ》ཞེས་པའི་གཙོ་སྒྲིག་པ་དང་། ཇུས་འགོད་མཁན་གྲགས་ཅན་སུའུ་ཧྲན·ཙི་ན་ཞི་སོགས་ལས་རིགས་ཀྱི་ཆེད་མཁས་དང་ལས་རིགས་ཀྱི་མཁས་པ་གདན་ཞུས་ཏེ། འཆད་འཁྲིད་ཀྱི་ལམ་ནས་འཛམ་གླིང་ས་གདན་ཐོན་ལས་ཀྱི་འཕེལ་ཕྱོགས་དང་། འགྲེམས་ཚོགས་ཀྱིས་ཐོན་ལས་ལ་སྐུལ་སྤེལ་ནུས་པ་ག་འདྲ་ཐོན་པ། འགྲེམས་ཚོགས་ཀྱི་རིམ་པ་དང་ཆུ་ཚད་ཅི་ལྟར་ཇེ་མཐོར་གཏང་དགོས་པ་ལ་སོགས་ནང་དུ་བྱས་ནས་ཐུན་མོང་ཐོག་བགྲོ་གླེང་མཛད།

རྒྱ་གར་དང་དབྱི་ལིང་། བལ་བོ། འཇར་མན། ཧྥ་རིན་སི། ཨ་མེ་རི་ཁ།  ཨ་སའེ་པེ་ཅིང་སོགས་རྒྱལ་ཁབ་དང་ས་ཁུལ34ནས་ཡོང་བའི་འགྲེམས་ཞུགས་ཚོགས་ཞུགས་ཀྱི་ཚོང་མགྲོན་གྱིས་འགྲེམས་ཚོགས་ལ་བདེ་བླག་ངང་འཚོགས་པར་གསོན་ཤུགས་ཚད་མེད་བསྣན། ཤེས་གསལ་ལྟར་ན། ད་ལོའི་འགྲེམས་ཞུགས་ཚོགས་ཞུགས་ཀྱི་རྒྱལ་ཁབ་སྐབས་སྔོན་མའི་འགྲེམས་ཚོགས་ལས25.93%འཕར་ཡོད་པ་དང་། རྒྱལ་ཕྱིའི་འགྲེམས་ཞུགས་ཚོགས་ཞུགས་ཀྱི་ཁེ་ལས་ན་ནིང་གི་འགྲེམས་ཚོགས་ལས26.70%འཕར། ནང་འདྲེན་གྱི་དངོས་ཟོག་ཏུན90ཡོད་པ་ན་ནིང་གི་འགྲེམས་ཚོགས་ལས18.42%འཕར། རྒྱལ་ནང་གི་དངོས་ཟོག་ན་ནིང་གི་འགྲེམས་ཚོགས་ལས10.05%འཕར། 2018ལོར་རྒྱལ་ཁབ་ཕྱི་ནང་གི་དངོས་ཟོག་དེ་ན་ནིང་གི་འགྲེམས་ཚོགས་དང་བསྡུར་ན12.28%ཇེ་མང་དུ་སོང་ཡོད་པ་དང་། རྒྱལ་ནང་གི་ཞིང་ཆེན་དང་ཁུལ། གྲོང་ཁྱེར31དང་ཀང་ཨོ་ཐེ་ས་ཁུལ་ཚང་མ་ཐེངས་འདིའི་འགྲེམས་ཚོགས་ལ་ཞུགས་ཡོད་ལ། ཁྱོན་བསྡོམས་ཁེ་ལས206དང་མི640ཡོད་དང་། འགྲེམས་ཞུགས་ཚོགས་ཞུགས་ཀྱི་ཁེ་ལས420དང་། གཟིགས་མོར་ཕེབས་མཁན་ཆེད་ལས་པ6000ལྷག་ཡོད་པ་རེད།

ཐེངས་འདིའི་འགྲེམས་ཚོགས་ཡུལ་ཤུལ་དང་མགོ་ལོག་ནས་ཐོག་དང་པོར་སྐོར་འགྲེམས་དང་།  མཚོ་སྔོན་བོད་ཀྱི་རིག་གནས་དངོས་མང་བཤམས་སྟོན་སྒོ་ཕྱེས་པའི་མཛད་སྒོ་དང་། གནའ་བོའི་བོད་ཀྱི་ས་གདན་འགྲེམས་སྟོན་བཅས་སྤེལ་ནས། ཀྲུང་གོའི་མི་རིགས་རིག་གནས་ཀྱི་ཁྱད་ཆོས་འབུར་ཐོན་བྱས་ཏེ། ལོ་རྒྱུས་རིག་གནས་ཀྱི་རྒྱུན་འཛིན་རང་བཞིན་དང་། ས་གདན་བཟོ་རྩལ་གྱི་གཟིགས་དཔྱད་རང་བཞིན་མཐོར་འདེགས་བྱས་པ་མ་ཟད། “དྲ་སྦྲེལ+འགྲེམས་སྟོན”གྱི་རིག་ནུས་བེད་སྤྱོད་དང་། VRལག་རྩལ་ལ་བརྟེན་ནས“དྲ་ཐོག+དྲ་ཕྱི”ནས་འགྲེམས་སྟོན་བྱས་པ་དང་། དྲ་ཐོག་ནས་འགྲེམས་ཚོགས་ལ་གཟིགས་པ་དང་། རྩ་གཉིས་ཨང་བཤེར་བརྒྱུད་ཉོ་ཚོང་བྱེད་པ། དྲ་ཐོག་ནས་ཉོ་ཚོང་བྱེད་པ་ལ་སོགས་པའི་དྲ་ཐོག་དང་དྲ་ཕྱི་མཉམ་བསྲེས་ཀྱི་གློག་རྡུལ་ཚོང་ལས་གཉེར་འཚོང་གི་ལམ་ནས། རྒྱལ་ཁབ་ཕྱི་ནང་གི་ཚོང་མགྲོན་དང་འཛད་སྤྱོད་པའི་དྲ་ལམ་ཉོ་ཚོང་ལ་ཆ་འཕྲིན་ཅན་དང་མིས་བཟོས་རིག་ཤེས་ཅན།  སྟབས་བདེ་ཅན་གྱི་ཞབས་ཞུ་མཁོ་འདོན་བྱས་ཡོད།

ལོ་ཙཱ་བ། ཁོན་ཐར་འཚོ།