རྨ་ལྷོ་ས་ཁུལ་དུ་དང་བླངས་གླ་གཏོང་རླངས་འཁོར་གྱིས་མཐོ་རྒྱུགས་སློབ་མ་ཚོར་རིན་མེད་སྐྱེལ་ལེན་བྱས་པ།

མཐོ་རྒྱུགས་ནི་མཐོ་རིམ་སློབ་གྲྭ་དཀྱུས་མས་རྒྱལ་ཡོངས་གཅིག་གྱུར་ཐོག་སློབ་མ་བསྡུ་བའི་རྒྱུགས་ཆེ་ཤོས་ཤིག་ཡིན་ཞིང་། ལོ་རེའི་ཟླ6པའི་ཚེས7-8-9བཅས་ཉིན་གསུམ་པོར་ལེན་རྒྱུ་གཏན་འཁེལ་བྱས་ཡོད་པ་རེད། རྒྱུགས་དེ་ནི་སློབ་མ་རྣམས་ལ་མཚོན་ན་མི་ཚེ་ཡི་དཀྱོག་མཚམས་ཤིག་དང་ལམ་གྱི་གདམ་ཀ་ཞིག་ཏུ་བརྩི་ཆོག་ཆོག་ཡིན་ལ། ཆེས་བརྗེད་དཀའ་བའི་ཉིན་མོ་དེ་ཡང་ཡིན་སྲིད།

གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན་2018ལོར་རྒྱལ་ཡོངས་སུ་མཐོ་རྒྱུགས་སུ་ཞུགས་མཁན་སློབ་མ་ཁྲི975ཡོད་ཅིང་།དེ་ནི་2017ལོ་ལས་མི་ཁྲི་35ལས་མང་པ་དང་། ཉེ་བའི་ལོ8རིང་གི་མཐོ་རྒྱུགས་སུ་ཞུགས་མཁན་གྱི་མི་གྲངས་ཆེས་མང་བའི་ལོ་ཞིག་ཡིན་པ་རེད། རང་རེའི་མཚོ་སྔོན་ཞིང་ཆེན་ལ་མཚོན་ན་ད་ལོར་མཐོ་རྒྱུགས་སུ་ཞུགས་མཁན་སློབ་མ་ཁྲི4ལྷག་ལ་ཟིན་ཡོད་ཅིང་།བསྡོམས་པའི་རྒྱུགས་ལེན་ས་ཁུལ33དང་རྒྱུགས་ར46བཀོད་སྒྲིག་བརྒྱབ་ཡོད་ལ། རྒྱལ་ཡོངས་དང་དུས་མཉམ་དུ་ཤེས་རིག་གི་གཡུལ་ས་དེ་ལ་ཞུགས་ཡོད་པ་རེད།  དེ་ལས་རྨ་ལྷོ་ས་ཁུལ་ཡོངས་ནས་མཐོ་རྒྱུགས་ལ་ཞུགས་མཁན་གྱི་སློབ་མ1953དང་། རྒྱུགས་ར68ལྷག་ཡོད་ཅིང་། དེ་ལས་རིག་ཚན1065(རྒྱ་ཡིག་གི་རིག་ཚན222དང་། བོད་ཡིག་གི་རིག་ཚན843 )རྩིས་ཚན888(རྒྱ་ཡིག་གི་རྩིས་ཚན155བོད་ཡིག་གི་རྩིས་ཚན733)ལྷག་ཡོད།

རྨ་ལྷོ་ཁུལ་ཁོ་ནའི་རྒྱུགས་སྤྲོད་སློབ་མ1377དང་རྒྱུགས་ར47ཡོད་ཅིང་དེ་ལས་རིག་ཚན764(རྒྱ་ཡིག་གི་རིག་ཚན171དང་། བོད་ཡིག་གི་རིག་ཚན593) རྩིས་ཚན613(རྒྱ་ཡིག་གི་རྩིས་ཚན106དང་། བོད་ཡིག་གི་རྩིས་ཚན507ལྷག་ཡོད།

གཙན་ཚ་ས་ཁུལ་དུ་མཐོ་རྒྱུགས་ལ་ཞུགས་མཁན་གྱི་སློབ་མ་576དང་རྒྱུགས་ར་21ཡོད་ཅིང་། དེ་ལས་རིག་ཚན་301(རྒྱ་ཡིག་གི་རིག་ཚན51དང་། བོད་ཡིག་གི་རིག་ཚན250ལྷག་ཡོད།) རྩིས་ཚན་སྐོར275(རྒྱ་ཡིག་གི་རྩིས་ཚན49དང་། བོད་ཡིག་གི་རྩིས་ཚན226)བཅས་ད་ལོའི་མཐོ་རྒྱུགས་སུ་ཞུགས་པ་རེད།

མཐོ་རྒྱུགས་ནི་སློབ་མ་ཁྲི་སྟོང་གི་མ་འོངས་པའི་མདུན་ལམ་དང་འབྲེལ་བ་ཡོད་པས་བདེ་འཇགས་མཐོ་རྒྱུགས་མངོན་འགྱུར་བྱ་ཆེད་རེབ་གོང་ས་ཁུལ་དུ་དང་བླངས་གླ་གཏོང་རླངས་འཁོར་གྱིས་མཐོ་རྒྱུགས་སློབ་མ་ཚོར་རིན་མེད་སྐྱེལ་ལེན་བྱེད་པ་དང་། ས་གནས་སོ་སོའི་དགེ་རྒན་དང་སློབ་མ། ཁྱིམ་བདག   ཤེས་ཡོན་པ་མང་པོས་སྐུལ་མའི་ཚུལ་དུ་སེམས་ཁམས་བདེ་ཐང་སོགས་ལ་དོ་སྣང་བྱེད་དགོས་སྐོར་དྲ་ལམ་དང་འཕྲིན་ལམ་གང་མང་ནས་བརྒྱུད་སྒྲོག་བྱེད་བཞིན་ཡོད། གཞན་མཐོ་རྒྱུགས་འདྲ་མཉམ་དྲང་གཞག་ཡོང་བ་དང་བདེ་འཇགས་འགན་སྲུང་ཐུབ་པའི་ལས་ཀ་ཡང་ཧ་ཅང་གལ་ཆེ་བས།  མཐོ་རྒྱུགས་ཀྱི་བར་སྐབས་འདིར་འབྲེལ་ཡོད་བདེ་སྲུང་ལས་ཁུངས་ཀྱིས་ཀྱང་བདེ་འཇགས་འགན་སྲུང་ལག་བསྟར་ནན་མོ་བྱེད་ཀྱིན་ཡོད་པ་རེད།

གསར་འགོད་པ། བསམ་སྤྱོད།