རང་ཞིང་གིས《ལོ་འཁོར་གྱི་དམིགས་འབེན་འོས་འགན(ལས་ཕྱོད)དཔྱད་ཞིབ་ལས་དོན་སྔར་ལས་ལེགས་པོ་འཁྱོངས་དགོས་སྐོར་གྱི་བསམ་འཆར》 བཏོན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ་ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིང་གིས《ལོ་འཁོར་གྱི་དམིགས་འབེན་འོས་འགན(ལས་ཕྱོད)དཔྱད་ཞིབ་ལས་དོན་སྔར་ལས་ལེགས་པོ་འཁྱོངས་དགོས་སྐོར་གྱི་བསམ་འཆར》པར་འགྲེམས་བྱས་ཤིང་། བསམ་འཆར་ནང་ས་གནས་ཁག་གི་སྡེ་ཚན་གྱིས་དཔྱད་ཞིབ་དམིགས་ཚད་མ་ལག་ཇེ་ལེགས་དང་། དཔྱད་ཞིབ་བྱེད་སྟངས་ཐབས་ལམ་ཇེ་བཟང་། དཔྱད་ཞིབ་དཔུང་སྡེ་ཡི་སྟོབས་ཤུགས་ཇེ་ཆེ། ཕྱོགས་བསྡུས་ཐོག་དཔྱད་ཞིབ་མཇུག་འབྲས་བེད་སྤྱོད་ལ་སོགས་ཀྱི་ཕྱོགས་ནས་དོན་དངོས་དང་སྦྱར་ནས་ལག་བསྟར་དོན་འཁྱོལ་དམ་འཛིན་བྱ་དགོས་པའི་བླང་བྱ་བཏོན་འདུག

ཞིང་ཆེན་ཏང་ཨུས་དཔྱད་ཞིབ་དམིགས་ཚད་མ་ལག་ཇེ་ལེགས་སུ་གཏང་བའི་ཆ་ལ། ས་གནས་ཁག་གི་སྡེ་ཚན་སོ་སོས་འཕེལ་རྒྱས་ཀྱི་སྤུས་ཀ་ཇེ་ལེགས་སུ་གཏོང་བའི་དམིགས་ཚད་གཏན་འཁེལ་བྱས་པ་གཞིར་བཟུང་སྟེ། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་འབྱུང་འགྱུར་ལོ་ལྔའི་ནང་གི་འབད་བྱའི་དམིགས་འབེན་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བཏོན་པའི“ལྔ་བཞི”འཐབ་ཇུས་ནང་ལྟར།   ས་གནས་ཁག་དང་སྡེ་ཚན་ཁག་ཏུ་བསྐྱོད་དེ།  ད་ཆ་ལག་བསྟར་བྱེད་པའི་དཔྱད་ཞིབ་དམིགས་ཚད་མ་ལག་དེ་ས་ཁུལ་དང་སྡེ་ཚན་གྱི་དོན་དངོས་ལ་ཟུག་ཡོད་མེད་དང་། སྣེ་འཁྲིད་རང་བཞིན་དང་། ཤུགས་རྐྱེན་རང་བཞིན།   ཁུངས་ལྡན་རང་བཞིན་ཡོད་མེད་ལ་རྟོག་ཞིབ་ཞིབ་འཇུག་དང་། སྐྱོན་ཆ་དང་མི་འདང་ས་བཙལ་དེ་གནད་ལ་འཁེལ་བའི་དཔྱད་ཞིབ་དམིགས་འབེན་གཏན་ལ་འབབ་དགོས་པ་དང་། ས་ཁུལ་ལས་ཁུངས་ཀྱི་ལས་འགན་འགན་ནུས་ལ་རྐང་བཙུགས་ནས་དམིགས་འབེན་བཟོ་བ་དང་ཆབས་ཅིག ཏང་ཀྲུང་དབྱང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཚོ་སྔོན་ལ་ཐུགས་ཁུར་ཆེན་པོ་གནང་བ་དང་། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་དམིགས་འབེན་འོས་འགན་གཙོ་བོ་སོགས་ལ་སྦྱར་ནས་འདྲི་གཅོད་ལྔ་མཉམ་འགུལ་ལམ་ལུགས་འཐུས་ཚང་དུ་བཏང་སྟེ།  གནས་ལུགས་དང་བདེན་དཔང་ཡོད་པ། དོན་དངོས་དང་མཐུན་པའི་སྒོ་ནས་ཀྲུང་དབྱང་གིས་དཔྱད་ཞིབ་ལས་ཀར་གཏན་འཁེལ་བྱས་པའི་དམིགས་ཚད་ལག་བསྟར་མཐའ་འཁྱོལ་བྱེད་པ་དང་། ཁྱད་པར་ཅན་གྱི་དཔྱད་འཇོག་ལམ་ལུགས་འཐུས་ཚང་དུ་གཏང་དགོས་པའི་བླང་བྱ་བཏོན། 

དཔྱད་ཞིབ་བྱེད་སྟངས་ཇེ་བཟང་དུ་གཏོང་བའི་ཆ་ལ། ས་གནས་ཁག་གི་སྡེ་ཚན་སོ་སོས་དམིགས་ཚད་ཀྱི་འགན་འཁྲི་དཔྱད་ཞིབ་དང་ལས་བྱེད་རྟོག་ཞིབ་གཉིས་ཟུང་དུ་སྦྲེལ་ནས་འབྲེལ་ཡོད་དཔྱད་ཞིབ་འཇུག་འབྲས་དེ་དཔྱད་འཇོག་དང་ལས་བྱེད་བསྐོ་འཐེན་གྱི་གཞི་འཛིན་ས་གལ་ཆེན་དུ་བརྩི་དགོས་པ་དང་། ཆེད་དོན་དཔྱད་ཞིབ་སོ་སོ་སྡེབ་སྒྲིག་ལེགས་སྒྱུར་བྱས་ནས་གཞི་རིམ་གྱི་དཔྱད་ཞིབ་དཔྱད་འཇོག་གི་ཁུར་པོ་ཇེ་ཡང་དུ་གཏང་དགོས།  དམིགས་ཚད་འདྲ་མིན་སོ་སོ་བསྡུ་སྒྲིག་ལེགས་སྒྱུར་བྱས་ནས་དམིགས་ཚད་གཅིག་ལ་དཔྱད་ཞིབ་མང་ཞིང་ཚད་གཞི་མི་གཅིག་པའི་གནད་དོན་ཐག་གཅོད་ནན་མོ་བྱེད་དགོས།   ཆ་འཕྲིན་སྟེགས་བུ་ལེགས་པོ་བཀོལ་རྒྱུ་དེ་ཉིན་རྒྱུན་གྱི་དཔྱད་ཞིབ་ཁྲོད་བེད་སྤྱད་དེ། ཆ་འཕྲིན་གྱི་ལམ་ནས་ས་གནས་ཁག་དང་སྡེ་ཚན་ཁག་གི་དམིགས་ཚད་འགྲུབ་ཕྱོགས་ལ་སྟངས་འཛིན་ལེགས་པོ་བྱས་ནས་དཔྱད་ཞིབ་ལས་ཤུལ་ཡོད་པའི་དོ་དམ་མངོན་འགྱུར་བྱ་དགོས་པའི་བླང་བྱ་བཏོན།

དཔྱད་ཞིབ་དཔུང་སྡེའི་སྟོབས་ཤུགས་ལ་ཤུགས་སྣོན་པའི་ཐད།   དམིགས་ཚད་ཞིབ་འཇུག་དཔྱད་ཞིབ་དཔུང་སྡེ་འཛུགས་ཐབས་འཚོལ་ཞིབ་བྱེད་དགོས། ལས་ཁུངས་ཁག་དང་སྡེ་ཚན་ཁག་ནས་ལས་བྱེད་བཟང་པོ་སྐོར་ཞིག་འདེམས་ཏེ། ལོ་འཁོར་གྱི་དཔྱད་ཞིབ་དམིགས་ཚད་ཞིབ་འཇུག་གཏན་འབེབས་དཔུང་སྡེ་འཛུགས་དགོས་པ་དང་།  ཆེད་སྦྱོང་སློབ་གྲྭ་དང་ཚན་ཞིབ་གླིང་ལ་སོགས་ཀྱི་ཆེད་མཁས་པ་གདན་འདྲེན་གྱིས་དཔྱད་ཞིབ་དམིགས་ཚད་མ་ལག་ཇུས་སྒྲིག་གི་ལས་སུ་ཞུགས་བཅུག་ནས། དཔྱད་ཞིབ་དམིགས་ཚད་ཞིབ་འཇུག་གཏན་འབེབས་བྱེད་མཁན་གྱི་དཔུང་སྡེ་ཇེ་ལེགས་སུ་གཏང་དགོས།  རིམ་ཁག་སྒྲིག་ཁོངས་སྡེ་ཚན་བར་མཉམ་འབྲེལ་བྱས་ནས་ས་གནས་ཁག་དང་སྡེ་ཚན་ཁག་གི་དཔྱད་ཞིབ་ལས་ཀ་སྟོབས་དང་ལྡན་པར་ཤུགས་བསྣན་དགོས།  དཔྱད་ཞིབ་ལས་དོན་དཔུང་སྡེ་ལྟོས་འཇོག་གིས་གཏན་འཇགས་ཡིན་པ་ཞིག་འཛུགས་པའི་ཐབས་ལམ་འཚོལ་ཞིབ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན།

དཔྱད་ཞིབ་མཇུག་འབྲས་ཕྱོགས་བསྡུས་བེད་སྤྱོད་ཐད།  འགོ་ཁྲིད་ཚན་ཆུང་དང་འགོ་ཁྲིད་ལས་བྱེད་ཀྱི་ལོ་འཁོར་གྱི་དམིགས་འབེན་འོས་འགན(ལས་ཕྱོད)དཔྱད་ཞིབ་ཡོངས་ཆ་འཕྲིན་དོ་དམ་མ་ལག་ཁྲོད་བཅུག་སྟེ།  གློག་རྡུལ་ཡིག་ཚགས་འཐུས་ཚང་བཟོས་ནས་དཔྱད་ཞིབ་མཇུག་འབྲས་མཉམ་སྤྱོད་ལམ་བུ་བཏོད་དགོས། ས་གནས་ཁག་དང་ལས་ཁུངས་ཁག་གིས་འབྲེལ་ཡོད་གཏན་འབེབས་ལག་བསྟར་གཟབ་ནན་བྱེད་པར་སྐུལ་འདེད་བཏང་སྟེ།  དཔྱད་ཞིབ་མཇུག་འབྲས་དང་འགོ་ཁྲིད་ལས་བྱེད་ཀྱི་བྱ་དགའ་དང་ཆད་པ་གཅོད་ཕྱོགས། ལས་བྱེད་བསྐོ་འཐེན་ལ་སོགས་གཅིག་ལ་གཅིག་རྟེན་ཐུབ་པ་བྱེད་དགོས།  མཇུག་འབྲས་མཉམ་སྤྱོད་ལམ་ལུགས་འཛུགས་ཐབས་འཚོལ་ཞིབ་བྱས་ཏེ།  འབྲེལ་ཡོད་སྡེ་ཚན་ཁག་ཕན་ཚུན་བར་མཉམ་སྦྲེལ་མཉམ་མཐུད་ཐུབ་པའི་ནང་རྐྱེན་ལམ་ལུགས་མགྱོགས་པོར་བཙུགས་ནས་ཆེད་དོན་དཔྱད་ཞིབ་དང་ཆེད་དོན་ལྟ་ཞིབ་ཀྱི་མཇུག་འབྲས་དེ་ལོ་འཁོར་གྱི་ཕྱོགས་བསྡུས་དཔྱད་ཞིབ་ཁྲོད་བེད་སྤྱོད་གང་ལེགས་གཏང་དགོས།  “རེའུ་མིག་གཅིག་རྣམ་པ”ལ་བརྟེན་ནས་ལོ་འཁོར་དཔྱད་ཞིབ་ཁྲོད་ཀྱི་ཕྱོགས་བསྡུས་གདེང་འཇོག་མཇུག་འབྲས་བསྐྱར་ལན་དང་། འགོ་ཁྲིད་ཚན་པ་དང་འགོ་ཁྲིད་ལས་བྱེད་ཀྱི་དམངས་གཙོ་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་དབྱེ་ཞིབ་སྙན་ཞུ་སོགས་ཀྱི་ནང་དོན་རྒྱུན་འཁྱོངས་བྱེད་དགོས། རྒྱལ་ཁབ་པུའུ་ཨུས་འབྲེལ་ཡོད་མངའ་ཁུངས་ཀྱི་དཔྱད་ཞིབ་དང་ལྟ་ཞིབ་མཇུག་འབྲས་ལག་བསྟར་ཡག་པོ་བྱ་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད་པ་རེད།

ལོ་ཙཱ་བ། ཁོན་ཐར་འཚོ།