《 ཚྭ་འདམ་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་ཕྱོགས་བསྡུས་བཅོས་སྐྱོང་འཆར་འགོད》བཏོན་པ།

པར་རིས་ནི་དབུས་ལམ་རྫོང་གཏེར་ལམ་མཚེའུའི་བརླན་ས་རེད།

 མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན །ཉིན་སྔོན།  མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་དོན་ཐིང་གིས《 ཚྭ་འདམ་ས་ཁུལ་སྐྱེ་ཁམས་སྲུང་སྐྱོང་དང་ཕྱོགས་བསྡུས་བཅོས་སྐྱོང་འཆར་འགོད(2018ལོ་ནས2025ལོ་བར ) 》པར་འགྲེམས་བྱས་པ་རེད།  འཆར་འགོད་ལྟར་ན།ལོ8རིང་གིས་སྲུང་སྐྱོང་དང་བཅོས་སྐྱོང་བརྒྱུད་ནས།  ས་ཁོངས་ནང་གི་ཐང་རྒོད་དང་། རྩྭ་ཐང་།  ནགས་ཚལ། བརླན་ས།  ཆུ་བོ།  མཚོ་མཚེའུ་སོགས་སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་སླར་གསོ་བྱུང་རྒྱུ་དང་། ས་ཁོངས་ཁོར་ཡུག་མངོན་གསལ་ལེགས་སུ་ཕྱིན་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་འཁོར་རྒྱུག་བཟང་པོ་དེ་མངོན་འགྱུར་བྱ་ཐུབ་རྒྱུ་རེད།

ཚྭ་འདམ་གཞོང་གི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་གྱིས་མཚོ་སྔོན་ཞིང་ཆེན་ཡོངས་དང་ཐ་ན་རྒྱལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་གཏོང་ཐད་དོན་སྙིང་གལ་ཆེན་ལྡན་ཡོད། 《 རྒྱལ་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་འགོད》 ཁྲོད། ཚྭ་འདམ་ས་ཁུལ་དེ་རྒྱལ་ཁབ་རིམ་པའི“མཐའ་སྐྱོར་གཉིས་དང་ས་ཁུལ་གཅིག གཞུང་ཐིག་གཅིག་ལ་ས་ཚིགས་མང ”ཞེས་པ་སྤྱི་སྒྲོམ་དུ་བཟུང་བའི་སྐྱེ་ཁམས་བདེ་འཇགས་བཀོད་པའི་ཁྲོད་ཚུད་ནས། རྒྱལ་ཁབ་རིམ་པའི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་འཛུགས་སྐྲུན་དང་རྒྱལ་ཡོངས་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད།

འཆར་འགོད་དམིགས་ཚད་ལྟར་ན། 2025 ལོར་སླེབས་སྐབས་ཚྭ་འདམ་ས་ཁུལ་གྱི་ནགས་རྩྭ་སོགས་སྐྱེ་དངོས་ལ་སྲུང་སྐྱོང་ནུས་ལྡན་འཐོབ་རྒྱུ་དང་། ནགས་ཚལ་ཁེབས་ཚད4.35% ཇེ་མཐོར་གཏང་རྒྱུ། སྤང་ཐང་གི་སྔོ་རྩྭའི་ཁེབས་ཚད10%ཇེ་མཐོར་གཏང་རྒྱུ་དང་། གསབ་འདེབས་དང་། ས་ནག་བཅོས་སྐྱོང་ལ་སོགས་པའི་ལས་གཞིའི་འཛུགས་སྐྲུན་ཁུལ་གྱི་རྩྭ་སར་སྐྱེ་དངོས་ཁེབས་ཚད 15% ནས 20% མཐོ་རུ་གཏང་རྒྱུ། བྱེ་འགྱུར་བཅོས་སྐྱོང་བྱེད་ཚད30%ལ་ཟིན་ཐུབ་པ་བྱས་ནས་ བྱེ་འགྱུར་བཅོས་སྐྱོང་ཁུལ་ནང་གི་སྐྱེ་དངོས་ཁེབས་ཚད15% ནས25% བར་མཐོ་རུ་གཏང་རྒྱུ། ས་ཆུ་སྲུང་འཛིན་བྱེད་ནུས་དང་ཆུ་འགོ་གསོ་འཁྱོངས་ནུས་པ་དང་གཙང་པོ་འབབ་རྒྱུན་བརྟན་པོའི་རང་བཞིན་ཇེ་ཆེར་སོང་གཏང་རྒྱུ།  བརླན་སའི་སྐྱེ་ཁམས་མ་ལག་གི་གནས་ཚུལ་དང་རི་སྐྱེས་སྲོག་ཆགས་ཀྱི་འཚོ་གནས་ཁོར་ཡུག་ཕན་ནུས་ལྡན་པའི་ལེགས་སུ་བཏང་ནས་འདམ་རྫབ་དང་བརླན་ས་སྲུང་སྐྱོང་བྱེད་ཚད100% ཟིན་ཐུབ་པ་བཅས་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་གྱི་སྲུང་སྐྱོང་ནུས་པ་མངོན་གསལ་དོད་པོས་ཆེ་རུ་གཏང་རྒྱུ་རེད།


ལོ་ཙཱ་བ། གཡང་སྐྱིད།