ཝང་ཅན་ཅོན་གྱིས་མདོ་ལ་རི་བོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་རྟོག་ཞིབ་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན།སྤྱི་ཟླ6པའི་ཚེས11ཉིན་ནས་ཚེས12ཉིན་བར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཧྲིན་ཀྲང་ཝང་ཅན་ཅོན་གྱིས་མདོ་ལ་རི་བོའི་ཆུ་དང་ནགས་ཚལ། རྩྭ་ས། སྐྱེ་ཁམས་སྲུང་སྐྱོབ་དང་ཉམས་གསོ་ལས་གཞི་བཅས་ལ་ཡུལ་དངོས་སུ་རྟོག་ཞིབ་བྱས་པར་མ་ཟད་ཡར་སྐུལ་གྲོས་ཚོགས་བསྡུས་པ་དང་། ཁོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། རི་ཆུ་དང་ནགས་ཚལ། རྩྭ་ས་བཅས་ནི་ཚེ་སྲོག་ཐུན་མོང་ཚོགས་པ་ཡིན་པའི་བརྒྱུད་རིམ་ལྡན་པའི་བསམ་བློ་དམ་པོར་བཅངས་ཏེ། ཆབ་སྲིད་མཐོ་ཚད་དང་འཕེལ་རྒྱས་འདུ་ཤེས། ཁོར་ཡུག་སྲུང་སྐྱོབ་བསམ་བློ། ཚོང་རའི་ནང་རྐྱེན། གཅིག་གྱུར་འཆར་འགོད་བྱེད་ཐབས། སྤུས་ཚད་དང་ཚད་གཞི་བཅས་འབུར་དུ་ཐོན་པར་བྱས་ནས། རྒྱུ་སྤུས་མཐོ་ཞིང་ཚད་གཞི་མཐོ་བའི་སྒོ་ནས་ཏང་ཀྲུང་དབྱང་གིས་སྤྲད་པའི་ཚོད་ལྟའི་ལས་འགན་ཡོངས་འགྲུབ་བྱེད་དགོས་ཞེས་ནན་གྱིས་བསྟན་པ་རེད།

རྟོག་ཞིབ་བྱེད་སྐབས། ཝང་ཅན་ཅོན་སྔ་རྗེས་སུ་བར་དམ་གངས་དཀར་དང་འབྲོང་ལུང་། བཙུན་མོ་དམར་ཡག་མ། མདོ་ལ་རི་བོའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དོ་དམ་ཅུའུ།མདོ་ལ་གནམ་གྲུ་ཐང་སོགས་ལ་སོང་སྟེ། ཨ་མྱེས་གངས་དཀར་སྲུང་སྐྱོབ་དང་ས་ནག་ཐང་བཅོས་སྐྱོང་། སྐྱེ་ཁམས་དོ་དམ་དང་སྲུང་སྐྱོབ། རི་ཆུ་དང་ནགས་ཚལ། རྩྭ་ས་བཅས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ་སོགས་ཀྱི་གནས་ཚུལ་ལ་ཡུལ་དངོས་སུ་རྟོག་ཞིབ་བྱས། ཚེས12ཉིན། མདོ་ལ་རྫོང་ནས་བསྡུས་པའི་མདོ་ལ་རི་བོའི་ཆུ་དང་ནགས་ཚལ། རྩྭ་ས། སྐྱེ་ཁམས་སྲུང་སྐྱོབ་དང་ཉམས་གསོ་ཚོད་ལྟའི་ལས་གཞིའི་ཡར་སྐུལ་གྲོས་ཚོགས་སྟེང་ཝང་ཅན་ཅོན་གྱིས་བསྟན་དོན། མདོ་ལ་རི་བོའི་ཆུ་དང་ནགས་ཚལ། རྩྭ་ས། སྐྱེ་ཁམས་སྲུང་སྐྱོབ་དང་ཉམས་གསོ་ཚོད་ལྟ་བྱེད་པ་དང་། མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་ཚོད་ལྟ་བྱེད་པའི་ལས་གཞི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་མཚོ་སྔོན་ལ་སྤྲད་པའི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན་ལ། སྐྱེ་ཁམས་དཔལ་ཡོན་གྱི་ཞིང་ཆེན་ཆེན་པོ་དང་སྟོབས་ལྡན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་དོན་དངོས་ཀྱི་རེ་བའང་ཡིན་པས། ངེས་པར་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཅི་ཞིག་ལ་ཐུགས་ཁུར་བྱེད་པ་དང་། མང་ཚོགས་ཀྱིས་ཅི་ཞིག་ལ་རེ་སྒུག་བྱེད་པ་ལྟར། ང་ཚོས་བྱ་བ་གཙོ་བོ་དམ་པོར་བཟུང་སྟེ་ལེགས་སྒྲུབ་དང་གྲུབ་འབྲས་ལེན་གང་ཐུབ་བྱེད་པར་འབད་བརྩོན་བྱེད་དགོས་ཟེར།

ཝང་ཅན་ཅོན་གྱིས་ནན་གྱིས་བསྟན་དོན། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྒྱུན་ཆད་མེད་པར་ལག་ལེན་མཐར་ཕྱིན་བྱེད་པའི་བརྒྱུད་རིམ་ནི་ཞིང་ཆེན་གྱི་གནས་ཚུལ་ལ་རྒྱུན་ཆད་མེད་པར་ངོས་འཛིན་ཟབ་མོ་བྱེད་པའི་བརྒྱུད་རིམ་ཡིན་པས། ང་ཚོས་མདོ་ལ་རི་བོའི་ཆུ་དང་ནགས་ཚལ། རྩྭ་ས་བཅས་སྲུང་སྐྱོབ་དང་ཉམས་གསོ་ཚོད་ལྟ་བྱེད་པ་དང་། མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་ཚོད་ལྟ་བྱེད་པ་དེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པར་སྐུལ་འདེད་གཏོང་བའི་ལག་ལེན་གལ་ཆེན་ཞིག་ཏུ་བརྩིས་ནས། སྲུང་སྐྱོབ་དང་འཕེལ་རྒྱས་གཉིས་ཀྱི་འབྲེལ་བ་དམ་པོར་བཟུང་སྟེ། སྲུང་སྐྱོབ་བྱེད་པའི་ཁྲོད་འཕེལ་རྒྱས་སུ་གཏོང་བ་དང་། འཕེལ་རྒྱས་ཁྲོད་སྲུང་སྐྱོབ་བྱེད་པའི་རྩོད་སྒྲུབ་འབྲེལ་བར་གོ་བ་ཟབ་མོ་བླངས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོབ་དང་ཉམས་གསོ་བྱེད་པར་སྐུལ་འདེད་གཏོང་བ་དང་། ནུབ་བྱང་སྐྱེ་ཁམས་བདེ་འཇགས་མ་ལག་འཛུགས་སྐྲུན་བྱེད་པའི་སྐོར་གྱི་རེ་བ་དོན་ཐོག་ཏུ་འཁྱོལ་བར་བྱ་དགོས་ལ། ཆབ་སྲིད་སྐྱོང་བ་དང་ཁྱོན་ཡོངས་ལ་ལྟ་རྟོག་བྱེད་པ། བྱས་རྗེས་འཇོག་དགོས་ཟེར།

ཡུས་ཚུང་ལི་དང་ཉི་མ་སྒྲོལ་མ། ཐེན་ཅིན་ཁྲིན་བཅས་རྟོག་ཞིབ་བྱ་འགུལ་ཁྲོད་ཞུགས་པ་རེད། 

ལོ་ཙཱ་བ། ཤ་མོ་འཚོ།