ཞིང་ཆེན་སློབ་བསྡུ་གཞུང་དོན་ཁང་གིས་དམག་དོན་སློབ་གླིང་གི་བློ་འདྲི་བྱེད་སྒོ་སྤེལ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན།  ཟླ6པའི་ཚེས12ཉིན་གྱི་སྔ་དྲོར། 2018ལོའི་མཚོ་སྔོན་ཞིང་ཆེན་གྱི་མཐོ་རིམ་སློབ་བསྡུའི་དམག་དོན་སློབ་གླིང་གི་བློ་འདྲི་ཆེད་དོན་ཚོགས་འདུ་ཟི་ལིང་དུ་འཚོགས་པ་དང་། ཞིང་ཆེན་སློབ་བསྡུ་གཞུང་དོན་ཁང་གིས་རྒྱལ་སྲུང་ཚན་རྩལ་སློབ་ཆེན་དང་མེ་ཤུགས་འཕུར་མདའི་དམག་དཔུང་། བཟོ་སྐྲུན་སློབ་ཆེན།  སྐམ་དམག་བཟོ་སྐྲུན་སློབ་ཆེན།  མཁའ་དམག་བཟོ་སྐྲུན་སློབ་ཆེན་སོགས་དམག་དོན་སློབ་གླིང་གི་སློབ་བསྡུ་དགེ་རྒན་གདན་འདྲེན་ཞུས་ཏེ། རང་ཞིང་གི་རྒྱུགས་སྤྲོད་སློབ་མའི་དོགས་གཞིར་ལན་བཏབ་པ་རེད།

རྒྱུས་ལོན་བྱུང་པ་ལྟར་ན།  རྒྱལ་ཁབ་སློབ་གསོ་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ནས། སློབ་བསྡུ་རིགས་ཁག་གཅིག་དང་ཆེད་ལས་གཞི་རྩའི་ཆ་ནས་གཅིག་མཚུངས་གཅིག་འདྲ་ཡིན་པའི་སློབ་གྲྭ་དང་། རྒྱལ་ཁབ་སློབ་གསོ་ཨུ་ཡོན་ལྷན་ཁང་གིས་སྔོན་ལ་བསྡུ་བར་ཆོག་མཆན་ཐོབ་པའི་སློབ་གྲྭ་ཁ་ཤས་གཅིག་སྡུད་བྱས་ཏེ། གཞི་རྒྱ་ཆེ་བའི་སློབ་མ་རྣམས་སློབ་བསྡུ་མ་བྱས་གོང་དུ་སྔོན་ལ་བསྡུ་ལེན་བྱ་རྒྱུ་རེད། སྔོན་ལ་བསྡུ་ལེན་བྱས་པའི་སློབ་གྲྭ་དག་ནི་བཅིངས་འགྲོལ་དམག་སློབ་གླིང་དང་དྲག་ཆས་ཉེན་རྟོག་སློབ་གླིང་། སྤྱི་བདེ་པུའུ་ཡི་ཁོངས་གཏོགས་ཀྱི་སློབ་གླིང་།  རྒྱལ་ཁབ་སློབ་གསོ་ཨུ་ཡོན་ལྷན་ཁང་གིས་ཆོག་མཆན་ཐོབ་པའི་ས་གནས་ཀྱི་སློབ་གླིང་ཉུང་ཤས་བཅས་འདུས་པ་རེད།

ལོ་ཙཱ་བ།  ཡེ་ཤེས་སྒྲོལ་མ།