མཚོ་ནུབ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་ལ་རྒྱལ་ཡོངས་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་སྲུང་སྐྱོབ་ཀྱི་སྔོན་ཐོན་ཚོགས་པའི་མཚན་སྙན་ཐོབ་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ6པའི་ཚེས8ཉིན། རྒྱལ་ཡོངས་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་སྲུང་སྐྱོབ་བྱ་བའི་སྔོན་ཐོན་ཚོགས་པ་དང་། སྔོན་ཐོན་མི་སྒེར། རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་པའི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པའི་བཞུགས་མོལ་བྱེད་སྒོའི་སྐོར་ཁག་ལྔ་པའི་ཁྲོད།མཚོ་ནུབ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་ལ་རྒྱལ་ཡོངས་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་སྲུང་སྐྱོབ་ཀྱི་སྔོན་ཐོན་ཚོགས་པའི་མཚན་སྙན་ཐོབ་པ་དང་། འདི་ནི་མཚོ་སྔོན་ཞིང་ཆེན་དུ་རྒྱལ་ཡོངས་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་སྲུང་སྐྱོབ་ཀྱི་སྔོན་ཐོན་ཚོགས་པའི་མཚན་སྙན་ཐོབ་པ་ཐོག་མ་ཡིན་པ་རེད།

མཚོ་ནུབ་ཁུལ་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་ནི། མཚོ་སྔོན་གཟུགས་འདས་ཤལ་བཞག་རིག་གནས་རྒྱུན་འཛིན་ཁྲོད་མེད་དུ་མི་རུང་བའི་ཆ་ཤས་གལ་ཆེན་ཞིག་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་ངོ་མཚར་རིག་གནས་ཁྲོད་ཆེས་རིན་ཐང་ཆེ་བ་དེ་ཡང་ཡིན་པ་རེད། མཚོ་ནུབ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་དམངས་ཁྲོད་རིག་རྩལ་བྱ་བར་ཚད་མཐོའི་མཐོང་ཆེན་བྱས་ཤིང་། མི་དང་རྒྱུ་ནོར། དངོས་ཟོག་སོགས་ཀྱིས་རྒྱབ་སྐྱོར་བྱས་ཏེ། དམངས་ཁྲོད་རིག་གནས་མྱུར་སྐྱོབ་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ།

ད་ཆར། མཚོ་ནུབ་ཁུལ་དུ་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས3དང་།རྒྱུན་འཛིན་པའི་མཚོན་བྱེད་མི་སྣ2། ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་མཚོན་བྱེད་རྣམ་གྲངས34།རྒྱུན་འཛིན་པའི་མཚོན་བྱེད་མི་སྣ22། ཁུལ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་མཚོན་བྱེད་རྣམ་གྲངས76། རྒྱུན་འཛིན་པའི་མཚོན་བྱེད་མི་སྣ268། ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་རྟེན་གཞི1། ཁུལ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་རྟེན་གཞི35བཅས་ཡོད་དེ། མཚོ་ནུབ་ཁུལ་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་གྱི་རིམ་པ་བཞིའི་མིང་ཐོ་འཛུགས་སྐྲུན་དང་ཡིག་ཚགས་བཟོ་བའི་ལས་དོན་རིམ་བཞིན་འཐུས་ཚང་ཅན་དུ་གྱུར་ཡོད།

གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་གྱི་བསྡུ་སྒྲིག་དང་སྲུང་སྐྱོབ་ཐད་ནས། མཚོ་ནུབ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གིས2013ལོ་ནས་བཟུང་། ཁུལ་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་སྣེ་ཁྲིད་ལ་བརྟེན་ནས། ཆེད་དུ《མཚོ་ནུབ་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་སྐོར་གྱི་མུ་འབྲེལ་དཔེ་ཚོགས》རྩོམ་སྒྲིག་ལས་དོན་ཨུ་ཡོན་ལྷན་ཁང་བཙུགས་པ་དང་། འབྲེལ་ཡོད་མཁས་པ་བསྐོངས་ཏེ། གཟུགས་འདས་ཤུལ་བཞག་རིག་གནས་དཔེ་ཚོགས་དང་དམངས་ཁྲོད་རིག་གནས་དཔེ་ཚོགས་སོགས་དེབ23དང་། འོད་སྡེར་དང་པར་དེབ་སོགས་དེབ8རྩོམ་སྒྲིག་པར་སྐྲུན་བྱས་ཏེ། རང་ཞིང་གི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་ལས་དོན་ལ་ནུས་པ་གལ་ཆེན་བཏོན་པ་རེད།

གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་སྲུང་སྐྱོབ་ཐད་ནས། མཚོ་ནུབ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གིས“ཚྭ་འདམ་གྱི་དབྱར་གཞུང།”  “མང་ཚོགས་ཀྱི་གར་སྟེགས།”  “མེང་ཆག་ཀ་ལ”འབྲོག་པའི་སྒྱུ་རྩལ་དུས་ཆེན་སོགས་ཀྱི་ཚོང་རྟགས་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ། མི་དམངས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་ཞིང་། ས་གནས་མང་ཚོགས་ཀྱིས་དགའ་བསུ་ཚད་མེད་ཐོབ།

ལོ་ཙཱ་བ། ཀླུ་མོ།