རང་རེའི་ཞིང་ཆེན་གྱིས་མུ་མཐུད་དུ་དབང་པོ་སྐྱོན་ཅན་གྱི་བྱིས་པའི་བདེ་ཐང་ལ་འགན་སྲུང་ལེགས་པོ་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།  ཟླ6 པའི་ཚེས11 ཉིན། གསར་འགོད་པས་ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ནད་གསོ་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་ལོ་རིང་ལ་རང་རེའི་ཞིང་ཆེན་གྱི་དབང་པོ་སྐྱོན་ཅན་བྱིས་པའི་བདེ་ཐང་སླར་གསོའི་ཞབས་ཞུར་འགན་སྲུང་ཆུ་ཚད་ཇེ་མཐོར་བཏང་ཞིང་། དབང་པོ་སྐྱོན་ཅན་གྱི་སྔོན་འགོག་ལས་དོན་ལ་ཤུགས་བསྣན་པས། དབང་པོ་སྐྱོན་ཅན་བྱིས་པའི་བདེ་ཐང་ལ་འགན་སྲུང་ལེགས་པོ་བྱས། ད་ལྟའི་བར་དུ་ཞིང་ཆེན་ཡོངས་ཀྱི་དབང་པོ་སྐྱོན་ཅན་གྱི་བྱིས་པ་བསྡོམས་པའི( ཐེངས)6146 ལ་སྨན་བཅོས་ནད་གསོའི་ཐད་ནས་ཞབས་འདེགས་ཞུས་ཡོད་པ་རེད།

རང་ཞིང་གིས་དབང་པོ་སྐྱོན་ཅན་སྔོན་འགོག་ཕྱོགས་བསྡུས་ཚོད་ལྟ་ཁུལ་གསར་སྐྲུན་བྱེད་པའི་ལས་དོན་ཧུར་ཐག་སྒོས་སྤེལ་ཞིང་།  ཟི་ལིང་གྲོང་ཁྱེར་གྱི་གྲོང་བྱང་ཁུལ་དང་། ཟི་ལིང་གྲོང་ཁྱེར་གྱི་གྲོང་ནུབ་ཁུལ། ཟི་ལིང་གྲོང་ཁྱེར་གྱི་གྲོང་དབུས་ཁུལ་བཅས་ལ་རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་ཕྱོགས་བསྡུས་སྔོན་འགོག་ཚོད་ལྟ་ཁུལ་གྱི་ཚོད་ལྟ་བྱེད་གནས་སུ་གཏན་འཁེལ་བྱེད་པ་དང་།  ཁུལ་རེ་རེའི་ལོ་ལྟར་འགྲོ་གྲོན་སྒོར་ཁྲི45.01དགོས་པའི་རེ་བ་ཞུ་གྲབས་འདུག་ལ། འདིས་རང་རེའི་ཞིང་ཆེན་གྱི་དབང་པོ་སྐྱོན་ཅན་ཕྱོགས་བསྡུས་སྔོན་འགོག་ཚོད་ལྟ་ཁུལ་གྱི་ཚོད་ལྟ་བྱེད་གནས་ཀྱི་བྱ་བའི་དོ་དམ་མ་ལག་དང་བྱ་བའི་སྒྲིག་སྲོལ་འཐུས་ཚང་དུ་བཏང་བ་མ་ཟད།   འཕྲོད་བསྟེན་པུའུ་དང་ཀྲུང་གོའི་དབང་པོ་སྐྱོན་ཅན་གྱི་ལུས་གསོའི་མཐུན་ཚོགས་ཀྱིས་བཀོད་སྒྲིག་བྱས་པའི་ཀླད་པ་སྐྱོན་ཅན་གྱི་བྱིས་པ་ཁྲི་ལྷག་ལ་སྐོར་སྐྱོད་རྟོག་ཞིབ་ཀྱི་ལས་འགན་ཡང་འཁུར་ཡོད་པ་རེད།

གཞན་ཡང་། ཧུར་ཐག་གིས་མ་དངུལ་བརྩོན་ལེན་བྱས་ནས་ཞིང་ཆེན་ཡོངས་ཀྱི་ལོ་གཅིག་ནས་ལོ་བཅུ་དྲུག་བར་གྱི་དབུལ་ཕོངས་ཁྲག་སླའི་ནད་ཕོག་པའི་བྱིས་པ30ལ་རིན་མེད་དུས་ཡུན་ལོ་ལྔའི་ནང་འདྲེན་བྱེད་པའི་རྒྱུད་རྒྱུ་བསྐྱར་སྒྲིག་ཁྲག་དཀག་རྐྱེན་ཆ་བླུག་པའི་གསོ་བཅོས་མཁོ་འདོན་བྱེད་པ་དང་། ལོ་རེར་སྒོར་ཁྲི45ཡོད་ལ། བསྡོམས་པའི་སྒོར་ཁྲི225 ཡོད། ཞིང་ཆེན་ནོར་སྲིད་ཐིང་དང་། ཞིང་ཆེན་དམངས་སྲིད་ཐིང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་། ཞིང་ཆེན་སློབ་གསོ་ཐིང་བཅས་སྡེ་ཁག7ཡིས《མཚོ་སྔོན་ཞིང་ཆེན་དབང་པོ་སྐྱོན་ཅན་གྱི་གནད་འཁེལ་བདེ་ཐང་སླར་གསོ་ཞབས་ཞུའི་བྱ་སྤྱོད་ལག་བསྟར་ཇུས་གཞི( 2016 ལོ་ནས 2020 ལོ་བར)》མིང་རྟགས་ལྷན་འགོད་པར་འགྲེམས་བྱས་པ་དང་། དེའི་ནང་གཏན་འབེབས་ལྟར་ན། ཀླད་པ་སྐྱོན་ཅན་དང་། རིག་སྟོབས་བར་གེགས་སོགས་དབང་པོ་སྐྱོན་ཅན་གྱི་བྱིས་པར་རིན་མི་དགོས་པའི་རྒྱལ་ཁབ་རོགས་སྐྱོབ་ཀྱི་མི་རེར་ཟླ6 གི་སྒོར་ཁྲི1.2 ཀྱི་རྨང་གཞིའི་ཐོག་དང་། ཞིང་ཆེན་རིམ་པའི་སྲིད་གཞུང་གི་ཉོ་སྒྲུབ་ཞབས་ཞུ་རིན་མེད་ལུས་གསོའི་ཟླ10 ནས་སྒོར་ཁྲི2 བར་ཇེ་རིང་དུ་བཏང་།

ལོ་ཙཱ་བ། གཡང་སྐྱིད།