མཚོ་སྔོན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྩ་ཁྲིམས་སློབ་སྦྱོང་དྲིལ་སྒྲོག་དང་ལག་བསྟར་གཏིང་ཟབ་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན།  ཟླ6པའི་ཚེས12ཉིན། མཚོ་སྔོན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྩ་ཁྲིམས་སློབ་སྦྱོང་དྲིལ་སྒྲོག་དང་ལག་བསྟར་གཏིང་ཟབ་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། «ཀྲུང་གུང་ཀྲུང་དབྱང་གི<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས>སློབ་སྦྱོང་དྲིལ་སྒྲོག་དང་ལག་བསྟར་གཏིང་ཟབ་བྱེད་པའི་སྐོར་གྱི་བསམ་འཆར»དང་ཞིང་ཆེན་ཏང་ཨུའི་ལག་བསྟར་བསམ་འཆར་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱས་པར་མ་ཟད་བརྗེ་རེས་གཏམ་བཤད་སྤེལ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ། ཀྲུའུ་རིན་གཞོན་པ་ཀྲང་ཀོང་རོང་ཚོགས་འདུར་ཞུགས་ནས་གཏམ་བཤད་པ་དང་། ཏང་ཙུའུ་ཧྲུའུ་ཅི་གཞོན་པའམ་ཀྲུའུ་རིན་གཞོན་པ་མཱ་ཝེ་ཡིས་ཚོགས་འདུར་འགོ་འཛིན་བྱས།

ཀྲང་ཀོང་རོང་གིས་ཐེངས་འདིའི་བཞུགས་མོལ་ཚོགས་འདུའི་གོ་སྐབས་དང་བསྟུན་ཏེ། ཀྲུང་དབྱང་དང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་རེ་བ་ལག་བསྟར་དངོས་འབེབས་བྱས་ནས། རྩ་ཁྲིམས་ལ་སློབ་སྦྱོང་དྲིལ་སྒྲོག་དང་ལག་བསྟར་གཏིང་ཟབ་བྱེད་པའི་རང་རྟོགས་རང་བཞིན་དང་འགྱུར་མེད་རང་བཞིན་ངེས་པ་དོན་གྱིས་ཇེ་བརྟན་དུ་གཏོང་བ་དང་། རྩ་ཁྲིམས་ལ་སློབ་སྦྱོང་གཏིང་ཟབ་བྱེད་པའི་ཁོར་ཡུག་ལེགས་པོ་ཞིག་ཆགས་པར་ཧུར་བསྐྱེད་ཀྱིས་འཛུགས་སྐྲུན་བྱེད་དགོས། རིམ་པ་སོ་སོའི་དམངས་འཐུས་ཚོགས་ཆེན་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྩ་ཁྲིམས་ལག་བསྟར་ཁྲོད་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ཏེ། རྩ་ཁྲིམས་ལ་སྔར་ལས་ལྷག་པའི་སྒོ་ནས་སློབ་སྦྱོང་དྲིལ་སྒྲོག་དང་ལག་བསྟར་ཟབ་མོ་བྱེད་པའི་བྱ་བ་ནན་ཏན་དང་དངོས་འཛིན་བྱས་ནས་གྲུབ་འབྲས་ལེན་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་།  ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ནན་ཏན་གྱིས་ལག་བསྟར་དངོས་འབེབས་བྱེད་པ། ལས་འགན་གསར་པ་དང་འགན་འཁྲི་གསར་པ། རྩ་ཁྲིམས་ཀྱི་རྨང་གཞི་བརྟན་པོ་འཛུགས་པ་དང་རྩ་ཁྲིམས་ཀྱི་བརྗིད་ཉམས་བརྟན་པོར་གཏོང་བ།  རྩ་ཁྲིམས་ཀྱི་ནུས་པ་མངོན་པར་བྱས་ནས་བདེ་འཇགས་མཚོ་སྔོན་དང་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་ཐད་ལ་བྱས་རྗེས་གསར་པ་འཇོག་དགོས་པའི་རེ་བ་བཏོན།

ལོ་ཙཱ་བ། ལྷ་ཆེན་རྒྱལ།