དབྱང་ཧྥིན་ཁྲུན་གྱིས་མཚོ་སྐོར་ལྕགས་རྟ་འགྲན་སྡུར་སྐབས་བཅུ་བདུན་པའི་གྲ་སྒྲིག་བྱ་བར་ལྟ་བཤེར་བྱས།

ཟླ་དྲུག་པའི་ཚེས་བཅུ་གཉིས་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དབྱང་ཧྥིན་ཁྲུན་མཚོ་ཤར་གྲོང་ཁྱེར་དང་། ཟི་ལིང་གྲོང་ཁྱེར་དུ་སོང་ནས། མཚོ་སྐོར་ལྕགས་རྟ་འགྲན་སྡུར་སྐབས་བཅུ་བདུན་པའི་གྲ་སྒྲིག་བྱ་བར་ལྟ་བཤེར་བྱས་ཏེ། ཡུལ་དངོས་ནས་འགོ་རྩོམ་མཛད་སྒོའི་རིག་རྩལ་འཁྲབ་སྟོན་དང་འགྲན་སྡུར་གྱི་གྲ་སྒྲིག བདེ་འཇགས་འགན་སྲུང་སོགས་ཀྱི་བྱ་བའི་སྙན་ཞུ་ལ་ཉན་པ་མ་ཟད། འགྲན་རིམ་དང་པོ་དང་འགྲན་རིམ་གཉིས་པའི་ལམ་ཐིག་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གནས་ཚུལ་ལ་ཡུལ་དངོས་ནས་ཞིབ་བཤེར་བྱས།

དབྱང་ཧྥིན་ཁྲུན་གྱིས་བཤད་རྒྱུར། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཐེངས་འདིའི་མཚོ་སྐོར་ལྕགས་རྟ་འགྲན་སྡུར་ལ་ཚད་མཐོན་པོས་གདེང་འཇོག་བྱེད་ཀྱིན་ཡོད་ལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཧྲིན་ཀྲང་ཝང་ཅན་ཅོན་གྱིས་རེ་བ་བཏོན་ནས། མཚོ་སྐོར་ལྕགས་རྟ་འགྲན་སྡུར་གྱིས་མཚོ་སྔོན་གྱི་མིང་བྱང་འབུར་དུ་ཐོན་པར་བྱས་ནས། མཚོ་སྔོན་གྱི་ཁྱད་ཆོས་གཟེངས་སུ་ཐོན་དུ་འཇུག་དགོས་པར་བཤད་པ་དེས། ང་ཚོའི་འགྲན་སྡུར་གྱི་བྱ་བའི་གྲ་སྒྲིག་ལ་གཞི་རྩའི་བསྲུང་བྱ་དང་ཁ་ཕྱོགས་འདོན་སྤྲོད་བྱས། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། བྱེད་ཕྱོགས་གསར་སྐྲུན་བྱེད་པ། མཚོ་སྐོར་ལྕགས་རྟ་འགྲན་སྡུར་དེ་རིག་གནས་དང་གནས་སྐོར། ཉོ་ཚོང་། གྲོང་ཁྱེར་འཛུགས་སྐྲུན་སོགས་ཟབ་ཚད་ལ་མཉམ་སྦྲེལ་བྱས་ཏེ། ཤུགས་ཆེན་པོས་མཚོ་སྐོར་ལྕགས་རྟ་འགྲན་སྡུར་གྱི་ཁྱབ་ཁོངས་གསར་བ་དང་ཐབས་ལམ་གསར་བ། རྣམ་པ་གསར་བ་བཅས་གསར་སྐྲུན་བྱས་ནས། འགྲན་སྡུར་བྱ་བའི་མིང་གྲགས་མཚན་སྙན་གྱི་ཡུན་བསྲིང་དང་དོན་སྙིང་བསྔོག་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམས་སྟབས་ཇེ་མགྱོགས་སུ་གཏོང་པར་རོགས་འདེགས་བྱེད་དགོས་ཟེར།

དབྱང་ཧྥིན་ཁྲུན་གྱིས་ནན་གྱིས་བཤད་རྒྱུར། ཞིང་ཆེན་གྱི་གནས་བབ་ངོ་མ་དང་ས་ཁུལ་གྱི་འབུར་ཐོན་ཁྱད་ཆོས་གཉིས་ཟུང་འབྲེལ་བྱས་ཏེ། རིག་རྩལ་འཁྲབ་སྟོན་ལ་ཞིབ་ཚགས་ཀྱིས་ཇུས་འགོད་དང་། གནད་ས་འཛུགས་སྐྲུན་དང་ཁོར་ཡུག་མཛེས་སྒྱུར། ཁ་དབུགས་གསར་སྐྲུན་བཅས་ཀྱི་བྱ་བ་ལ་གཅིག་གྱུར་འཆར་འགོད་བྱེད་དགོས། འགོ་རྩོམ་མཛད་སྒོ་ལ་ཁྱད་ཆོས་ལྡན་ཞིང་ལྟད་མོ་ཡོད་དགོས། བདེ་འཇགས་ཀྱི་མ་མཐའི་ཚད་མཐའ་སྲུང་འཛིན་བྱས་ནས། བདེ་སྐྱོང་བྱ་བའི་བྱེད་ཐབས་དང་འཕྲལ་བསྟུན་བྱེད་ཐབས་ལ་རིམ་པ་རེ་རེ་ནས་འགན་འཁུར་ནན་མོ་བཞག་ནས་གནོན་ཤུགས་ཡོད་པར་བྱས་ཏེ། མཉམ་འཛིན་མཉམ་བདག་གི་མཉམ་ཤུགས་གྲུབ་པར་བྱས་ནས། ཕྱོགས་ཡོངས་ནས་བདེ་འཇགས་བྱ་བ་ལེགས་པར་སྒྲུབ་སྟེ། ཐོལ་བྱུང་གནས་ཚུལ་ལ་ཕན་འབྲས་ལྡན་པའི་ངང་ཁ་གཏད་འཇལ་དགོས། འགྲན་སྡུར་གྱི་ལམ་ཐིག་རེ་རེ་ལ་བསྐྱར་ལྟ་བྱེད་དགོས་པ་དང་། ལྷག་པར་དུ་ལྟ་ཞིབ་ཁྲོད་གནད་དོན་གནས་པའི་ལམ་ཐིག་ལ་དུས་ལྟར་བསྐྱར་བཅོས་བྱས་ཏེ། འགྲན་སྡུར་ལམ་ཐིག་གི་བདེ་འཇགས་ལ་འགན་སྲུང་བྱེད་དགོས་ཞེས་བསྟན།