ན་གོར་མོ་ནས་གྱོད་དངུལ་ཁྲི14དང་འབྲེལ་བའི་ཆང་རྫུན་ཕྱིར་འཚོང་གི་གྱོད་དོན8མུ་མཐུད་རྩད་ཆོད་བྱུང་།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཉེ་སྔོན།  ན་གོར་མོ་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་བཅའ་ཁྲིམས་ལག་བསྟར་གྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ།   ཆང་བཙགས་བཟོ་གྲྭ་གྲགས་ཅན་གང་མང་དང་མཉམ་འབྲེལ་སྒོས་སྲིད་འཛིན་ཁེ་ལས་རྒྱབ་རྟེན་དུ་བཅོལ་ནས་མྱུར་ཞིབ་མྱུར་སྒྲུབ་ཀྱི་ལག་ཐབས་སྤྱད་ཅིང་།   གྲོང་ཁྱེར་ཡོངས་ཀྱི་ཆང་རིགས་ཁྲོམ་ར་ཡོངས་ལ་གཅིག་བསྡུས་བཅོས་སྐྱོང་བྱེད་པ་བརྒྱུད།  བསྟུད་མར་ཆང་རྫུན་ཕྱིར་འཚོང་གི་གྱོད་དོན8རྩད་ཆོད་དེ་ཆང་སྣ་གྲགས་ཅན་རིགས་ཀྱི་ཆང་དམ་རྫུན་མ370དང་དེ་འབྲེལ་གྱོད་དངུལ་སྒོར་ཁྲི14རྩད་ཞིབ་བྱུང་།  

ན་གོར་མོ་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཆང་རིགས་ཁྲོམ་རའི་འབུར་ཐོན་རང་བཞིན་གྱི་གནད་དོན་དང་བདེ་འཇགས་རང་བཞིན་གྱི་ཉེན་ཁར་ཁ་གཏད་དེ།  རྒྱལ་ཡོངས་ཀྱི་མིང་གྲགས་ཆེ་བའི་ཆང་བཙགས་བཟོ་གྲྭ་ལ་རང་འགུལ་གྱིས་མཐུན་ལམ་བཙུགས་ཏེ།   ཟི་ཁྲོན་ཡོས་པེན་ཝུའུ་ལིང་ཡའེ་སྡེ་ཚོགས་ཚད་ཡོད་ཀུང་ཟི་དང་ཀོས་ཀྲུའུ་མའོ་ཐའེ་ཆང་མ་རྐང་ཚད་ཡོད་ཀུང་ཟི།   ཅིང་སུའུ་དབྱིང་ཧུའུ་ཆང་བཙགས་བཟོ་གྲྭ་མ་རྐང་ཚད་ཡོད་ཀུང་ཟི།   ཧོར་གྲོང་ནས་ཆང་ཚད་ཡོད་ཀུང་ཟི་སོགས་གཞི་རྒྱ་ཆེ་བའི་ཆང་བཙགས་བཟོ་གྲྭ་མང་པོ་ཞིག་གི་ཆེད་ལས་མི་སྣའི་རྫུན་བཤེར་རོགས་རམ་འོག   གྲོང་ཁྱེར་ཡོངས་ཀྱི་ཚོང་ཁང་ཆེ་བའི་རིགས་དང་མགྲོན་བྲང་།   ཟ་ཁང་། མིང་གྲགས་ཅན་གྱི་དུ་ཆང་ཚོང་ཁང་སོགས་ཆང་དཀར་ཕྱིར་འཚོང་བྱེད་སར་ལྐོག་ཞིབ་རྣམ་པས་ཁྱོན་ཡོངས་ལ་རྙི་རྒྱ་བཙུགས་ནས་རྩད་ཞིབ་བྱས། ཁུངས་སྣེ་མང་པོ་ཞིག་ཚོད་འཛིན་བྱས་པའི་རྨང་གཞིའི་སྟེང་།  བཀོད་སྒྲིག་ཞིབ་ཚགས་ཀྱིས་རྙི་རྒྱ་བསྡུ་བར་འཐབ་ཇུས་སྤྲད་དེ། མིང་གྲགས་ཅན་གྱི་དུ་ཆང་ཚོང་ཁང32ལ་ཁ་གཏད་རང་བཞིན་གྱིས་ཁྲིམས་ལག་བསྟར་གྱིས་བརྟག་དཔྱད་བྱས་ཤིང་།  བསྡོམས་པས་ཆང་རྫུན་ཕྱིར་འཚོང་གི་གྱོད་དོན8རྩད་ཆོད་བྱུང་། ཝུའུ་ལིང་ཡའེ་དང་ཅཱན་ནན་ཁྲོན།  མའོ་ཐའེ།  དབྱིང་ཧུའུ།  ལུའུ་ཀྲུའུ་ལའོ་ཝའོ།  ཧོར་གྲོང་ནས་ཆང་སོགས་ཚོང་རྟགས་ཅན་གྱི་ཆང་རྫུན་དམ་བུ370ལག་སོན་བྱུང་ལ། གྱོད་འབྲེལ་མ་དངུལ་སྒོར་ཁྲི14ལ་སླེབས་ཡོད།   རྩད་ཞིབ་ཁྱབ་ཁོངས་ནས་བཀག་བསྡོམས་བྱས་པའི་ཆང་དེ་དག་ལ་ཆང་བཙགས་བཟོ་གྲྭ་ཆེན་པོ་ཁག་གིས་གསལ་འབྱེད་བྱས་ཤིང་མཐར་ཚང་མ་རྫུན་མར་ར་སྤྲད།

 ཁྲིམས་འགན་འཁུར་མཁན་མི་སྣའི་ངོ་སྤྲོད་ལྟར་ན།  རྩད་ཞིབ་བྱས་པའི་ཆང་རྫུན་ཅུང་གབ་པའི་ཚུལ་གྱིས་ཕྱིར་འཚོང་བྱེད་བཞིན་ཡོད་པས།  ཚོང་ཁང་ནང་དངོས་དཔེ་ལས་བཞག་མེད། ཆང་རྫུན་གཞན་དག་མཛོད་ཁང་དུ་བཞག་མེད་ལ་དེ་དག་ཚང་མ་ཚོང་བསྐྱེད་བྱེད་ཀྱི་རླངས་འཁོར་ནང་དུ་བཞག་འདུག      ཐོག་མའི་རྟོག་ཞིབ་བྱས་པ་བརྒྱུད།  ཆང་རྫུན་གྱི་ཡོང་ཁུངས་གཙོ་བོ་དེ་དྲ་ཐོག་དང་སྒོ་ནང་དུ་བསྐྱལ་འོང་ནས་ཉོས་པའི་ཆང་ཡིན་ཞིང་།    ཐེངས་འདིའི་མཉམ་འབྲེལ་སྒོས་ཆང་རྫུན་ལ་རྡུང་རྡེག་བཏང་པ་དེས་གསལ་འབྱེད་ཀྱི་མྱུར་ཚད་ཇེ་མཐོར་བཏང་པ་མ་ཟད་བཅོས་སྐྱོང་གི་སྟོབས་ཤུགས་ཡང་ཇེ་ཆེར་བཏང་ལ།  ཁྲིམས་འགལ་གྱི་ཚོང་གཉེར་བྱ་སྤྱོད་ལ་འཇིགས་སྣང་སྐྱེད་པ་དང་ཆང་དཀར་ཁྲོམ་རའི་ཚོང་གཉེར་གྱི་སྒྲིག་ལམ་ཡང་ཚད་ལྡན་དུ་བཏང་ཟེར།  

ལོ་ཙཱ་བ། ལྷ་ཆེན་རྒྱལ།