རྩྭ་ཕྱུགས་དོ་སྙོམ་འཕེལ་རྒྱས་ཚད་ལྡན་དུ་ཆགས་པས། མཚོ་ཤར་ས་ཁུལ་གྱིས་དེ་འབྲེལ་བྱ་དགའི་སྒོར་ཁྲི2700བཏང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ད་ལོར། མཚོ་ཤར་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱི་ས་མུའུ་ཁྲི1111གི་རང་བྱུང་རྩྭ་ཐང་ལ་རྩྭ་ཕྱུགས་དོ་སྙོམ་བྱ་དགའི་ལམ་ལུགས་ལག་བསྟར་བྱས་པ་དང་། བྱ་དགའི་མ་དངུལ་སྒོར་ཁྲི2777.5དངོས་འབེབས་བྱས་ཤིང་། རྩྭ་ཕྱུགས་དོ་སྙོམ་ལམ་ལུགས་ཁྱོན་ཡོངས་སུ་ཁྱབ་བརྡལ་དང་། བྱ་བའི་ལམ་སྲོལ་དང་ལྟ་སྐུལ་ཚད་ལེན་ལམ་སྲོལ་འཐུས་ཚང་དུ་བཏང་བ་དང་། རྗེས་མཐུད་ཐོན་ལས་ཐད་ཀྱི་སྲིད་ཇུས་ཐབས་ལམ་སོགས་འཐུས་སྒོ་ཇེ་ཚང་དུ་བཏང་སྟེ། རྩྭ་ཐང་སྐྱེ་ཁམས་ཁོར་ཡུག་སླར་གསོ་བྱུང་ཞིང་། ཕྱུགས་ལས་ཐོན་སྐྱེད་རྒྱུན་མཐུད་ངང་འཕེལ་རྒྱས་དང་འབྲོག་པའི་ཡོང་འབབ་བརྟན་འཇགས་ངང་འཕར་བ་རེད། 

ཤེས་གསལ་ལྟར་ན། ད་ལོའི་རྩྭ་ཐང་བྱ་དགའི་ཁ་གསབ་སྲིད་ཇུས་དེ་གྲོང་ཁྱེར་ཡོངས་ཀྱི་ཤང་དང་གྲོང་བརྡལ94དང་། ལས་དོན་དོ་དམ་ཨུ་ཡོན་ལྷན་ཁང2། སྡེ་བ1564། རོང་འབྲོག་ཁྱིམ་ཚང323377། རང་བྱུང་རྩྭ་ཐང་ས་མུའུ་ཁྲི1111བཅས་དང་འབྲེལ་ཡོད། ད་ལོའི་འཆར་གཞིའི་རྩྭ་ཐང་བཅོས་སྐྱོང་གི་ས་མུའུ་ཁྲི31.65དང་། རྩྭ་ཐང་ཞན་འགྱུར་བཅོས་སྐྱོང་ལ་བརྟེན་ནས། རྩྭ་ཐང་ཕྱོགས་བསྡུས་ལྗང་འགྱུར་ཚད་བརྒྱ་ཆའི52.81ལ་སླེབས་པར་བརྩོན་ལེན་བྱ་རྒྱུ་རེད།

རྩྭ་ཕྱུགས་དོ་སྙོམ་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏང་ཆེད། ད་ལོར། མཚོ་ཤར་གྲོང་ཁྱེར་གྱིས་རང་བྱུང་རྩྭ་ས་ཡོངས་སུ་རྩྭ་ཕྱུགས་དོ་སྙོམ་ཁྱབ་ཁོངས་ཁྲོད་བཞག་སྟེ། རྩྭ་སའི་ཆེ་ཆུང་དང་ཕྱུགས་ཟོག་གི་མང་ཉུང་ལ་བརྟེན་ནས།ཚད་དང་མཐུན་པའི་སྒོ་ནས་རྩྭ་ཕྱུགས་དོ་སྙོམ་དོ་དམ་ལས་དོན་ལག་བསྟར་བྱས་ཤིང་། ད་ཆར། གྲོང་ཁྱེར་ཡོངས་ཀྱི་རང་བྱུང་རྩྭ་ས་དང་ཕྱུགས་ཟོག་དོ་སྙོམ་ངང་འཕེལ་རྒྱས་སུ་འགྲོ་བའི་རྣམ་པ་ལེགས་པོ་གཞི་ནས་ཆགས་ཡོད་པ་རེད།

མཚོ་ཤར་གྲོང་ཁྱེར་གྱིས་ས་ཁུལ་སོ་སོས་རྩྭ་ཕྱུགས་དོ་སྙོམ་ལས་འགན་ཁག་བགོས་ལྟར་ཤང་དང་སྡེ་བ། ཁྱིམ་ཚང་དུ་རིམ་བཞིན་དངོས་འབེབས་བྱེད་པའི་བླང་བྱ་བཏོན་ཏེ། སྡེ་བ་རིམ་པའི་མིང་ཐོ་སྤྱི་བསྒྲགས་བྱས་པའི་རྗེས། རྫོང་དང་ཤང་། ཤང་དང་སྡེ་བ། སྡེ་བ་དང་ཁྱིམ་ཚང་བཅས་རིམ་བཞིན་རྩྭ་ཕྱུགས་དོ་སྙོམ་གན་རྒྱའི་ཡི་གེར་མིང་རྟགས་བཀོད་པ་དང་། རིམ་པ་ཁག་གི་ནོར་སྲིད་དང་། ཞིང་ཕྱུགས་སྡེ་ཁག་གིས་རྩྭ་ཕྱུགས་དོ་སྙོམ་འོས་འགན་ལག་བསྟར་བྱེད་བཞིན་པའི་རོང་འབྲོག་མང་ཚོགས་ལ་ལོ་རེར་ས་མུའུ་རེ་ལ་སྒོར2.5ཡི་ཚད་གཞི་ལྟར་བྱ་དགའི་ཁ་གསབ་བྱིན། དེ་བཞིན་ས་གནས་མང་ཚོགས་ལ་རྩྭ་ཕྱུགས་དོ་སྙོམ་ཐད་ཀྱི་ཤེས་བྱ་ངོ་སྤྲོད་དང་བེད་གོ་ཆོད་པའི་ཐབས་ལམ་སྤྱད་དེ། གཟན་རྩྭའི་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་རྨང་གཞིའི་སྟེང་། འདེབས་གསོ་ཟུང་འབྲེལ་དང་། རྩྭ་ཕྱུགས་འཁོར་སྐྱོད་དོ་སྙོམ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བྱས།

ལོ་ཙཱ་བ། ཀླུ་མོ།