རྨ་ཆེན་རྫོང་གིས2018ལོའི་ཨ་མྱེས་རྨ་ཆེན་གངས་རི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཞི་པ་དང“མི་རིགས་མཐུན་སྒྲིལ་རྟགས་མའི”དམངས་གླུ་འགྲན་བསྡུར་སྤེལ་བ།

རྨ་ཆེན་ས་ཆའི་བོད་མིའི་གནའ་བོའི་སྲོལ་རྒྱུན་དམངས་གླུའི་དྲིལ་སྒྲོག་ཇེ་ཆེར་གཏོང་བ་དང་། དམངས་གླུ་དར་སྤེལ་དང་རྒྱུན་འཛིན། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་བཅས་བྱ་ཆེད། ཟླ6པའི་ཚེས11ཉིན། རྨ་ཆེན་རྫོང་གིས2018ལོའི་ཨ་མྱེས་རྨ་ཆེན་གངས་རི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཞི་པ་དང“མི་རིགས་མཐུན་སྒྲིལ་རྟགས་མའི”དམངས་གླུ་འགྲན་སྡུར་སྤེལ་བ་རེད།

ཐེངས་འདིའི་གནའ་བོའི་བོད་ཀྱི་དམངས་གླུ་འགྲན་སྡུར་ལ་རྨ་ཆེན་རྫོང་གི་དམངས་ཁྲོད་གླུ་བ་གླུ་མ་དང་། དེ་བཞིན་དམངས་གླུ་ལ་དགའ་མཁན་མང་པོས་དགའ་བསུ་དང་གདེང་འཇོག་ཐོབ་ཡོད། རིམ་པ་བཞིན་གྱི་གསལ་འདེམས་བརྒྱུད་དེ། ཤང་དྲུག་དང་གྲོང་བརྡལ་གཉིས་ཀྱི་དམངས་ཁྲོད་ཕུལ་བྱུང་གླུ་བ་གླུ་མ15ཐེངས་འདིའི་དམངས་གླུ་འགྲན་བསྡུར་ནང་ཞུགས་ཤིང་། ཐེངས་འདིའི་འགྲན་བསྡུར་ལ་འདྲ་མཉམ་དང་དྲང་བཞག་ཡོང་བ་དང་། འགྲན་ཞུགས་གླུ་བའི་ཁྱོན་ཡོངས་ཀྱི་ཆུ་ཚད་མཐོར་འདེགས་བཅས་ལ་དམིགས་ཏེ། རྟ་མགྲིན་དང་།སྐལ་དབང་། རྒྱ་རིག ལྷ་ཐར་སོགས་དུས་ཡུན་རིང་བོར་དམངས་གླུའི་ཞིབ་འཇུག་གི་ལས་ཀ་གཉེར་མཁན་མི་སྣ་ཐེངས་འདིའི་འགྲན་སྡུར་གྱི་དཔྱད་འདེམས་པར་གདན་ཞུ་བྱས་པ་རེད།

འགྲན་བསྡུར་ཁྲོད། འགྲན་ཞུགས་པ་དག་གིས་གླུ་ལེན་རེས་བྱེད་སྐབས་ཕན་ཚུན་ལ་བརྩི་འཇོག་དང་འགྲན་སྡུར་གྱི་སྒྲིག་ལམ་བརྩི་སྲུང་སྒོས། བོད་ཀྱི་འཚོ་བ་དངོས་དེ་དམངས་གླུའི་གླུ་སྐད་དང་གླུ་ཚིག་ལ་བརྒྱུས་ནས། རྒྱ་ཆེའི་ལྟད་མོ་བ་ཀུན་ལ་སྙན་ཞིང་འཇེབས་པའི་དམངས་གླུའི་གསོལ་སྟོན་གྱ་ནོམ་པ་ཞིག་བཤམས་པ་རེད། ཛ་དྲག་གི་འགྲན་སྡུར་གོ་རིམ་བརྒྱུད་དེ། རྟ་བོར་ཤང་གི་འགྲན་ཞུགས་གླུ་བ་ཚེ་རིང་དཔའ་ཅོག་ལ་ཐེངས་འདིའི་འགྲན་སྡུར་གྱི་བྱ་དགའ་ཨང་དང་པོ་ཐོབ་པ་དང་། སྡོམ་ཁོག་ཤང་གི་འགྲན་ཞུགས་གླུ་བ་དངོས་གྲུབ་དང་དར་སྐྱིད་གཉིས་ལ་བྱ་དགའ་ཨང་གཉིས་པ་ཐོབ། རྟ་བོར་གྲོང་བརྡལ་གྱི་འགྲན་ཞུགས་གླུ་མ་འཕྲིན་ལས་འཚོ་དང་རྭ་རྒྱ་གྲོང་བརྡལ་གྱི་འགྲན་ཞུགས་གླུ་བ་སྐལ་ལོ། རྫོང་ཁྲིམས་ཁང་གི་འགྲན་ཞུགས་གླུ་བ་འཇིགས་མེད་བསྟན་པ་སོགས་ལ་བྱ་དགའ་ཨང་གསུམ་པ་ཐོབ། རྭ་རྒྱ་གྲོང་བརྡལ་དང་དྭངས་ལག་ཤང་གཉིས་ལ་སོ་སོར་ཕུལ་བྱུང་རྩ་འཛུགས་བྱ་དགའ་དང་རྟིང་སྐུལ་བྱ་དགའ་ཐོབ་པ་རེད།

ཐེངས་འདིའི“མི་རིགས་མཐུན་སྒྲིལ་རྟགས་མའི”དམངས་གླུ་འགྲན་བསྡུར་བདེ་བླག་ངང་སྤེལ་བ་དེས། རྨ་ཆེན་རྫོང་གི་གླུ་བ་གླུ་མ་དག་ལ་སྐད་ངག་སྒྱུ་རྩལ་ངོམ་སྟོན་དང་དམངས་གླུ་རིག་གནས་ཐད་ཀྱི་ཉམས་མྱོང་བརྗེ་རེས་ཀྱི་གར་སྟེགས་ཞིག་བསྐྲུན་པར་མ་ཟད། བོད་ཀྱི་དམངས་གླུའི་དྲིལ་སྒྲོག་བྱེད་ཤུགས་སྔར་བས་ཆེ་རུ་བཏང་བ་དང་། དམངས་གླུ་འཛིན་སྐྱོང་སྤེལ་གསུམ་ཐད་ལ་ནུས་པ་གལ་ཆེན་བཏོན་པ་རེད།

ལོ་ཙཱ་བ། ཀླུ་མོ།