མཚོ་ཤར་གྲོང་ཁྱེར་གྱིས་ཡུལ་སྐོར་ལས་གཞིའི་ཐད་ལ་མ་དངུལ་སྒོར་དུང་ཕྱུར22བཏང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། གསར་འགོད་པས་མཚོ་ཤར་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ལས་དོན་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་གྲོང་ཁྱེར་ཡོངས་ཀྱི་རིགས་འདྲ་མིན་གྱི་ཡུལ་སྐོར་རྣམ་གྲངས76ལག་བསྟར་བྱེད་པའི་འཆར་གཞིའི་ཁྲོད། གསར་སྐྲུན་རྣམ་གྲངས61དང་། མཐུད་སྐྲུན་རྣམ་གྲངས15ཡོད་པ་རེད། ད་ཆར། གྲོང་ཁྱེར་ཡོངས་ཀྱི་ཡུལ་སྐོར་རྣམ་གྲངས་ཐད་མ་དངུལ་སྒོར་དུང་ཕྱུར22.4བཏང་བ་དང་། ཚོད་དཔག་ལྟར་ན། ཟླ6པའི་ཟླ་མཇུག་བར་དུ་ལས་འགན་ཡོངས་ཀྱི་ཕྱེད་ཀ་འགྲུབ་ཐུབ་པ་བསྟན་ཡོད།

ཤེས་གསལ་ལྟར་ན། ད་ལོར། མཚོ་ཤར་གྱིས་ཡུལ་སྐོར་རྣམ་གྲངས76ལག་བསྟར་བྱེད་པའི་འཆར་གཞི་ཡོད་པ་དང་། མ་དངུལ་སྒོར་དུང་ཕྱུར55བཏང་ཡོད། དུས་མཉམ་དང་བསྡུར་ན་བརྒྱ་ཆའི20ཡིས་འཕར་ཡོད། གཙོ་བོ་ལ་ཅ་རྒྱལ་ཁབ་གནའ་རྫས་རྗེས་ཤུལ་སྤྱི་གླིང་རྣམ་གྲངས་དང་། ཟ་ལར་ཧྲའེ་གྲོང་བརྡལ། ཙོང་ཆུའི་རིག་གནས་ཡུལ་སྐོར་འགྲེམ་སྟོན་ཁུལ། གཞོང་ཐང་ཁང་གི་ཏ་ལྗོངས་ཁུལ། ཡ་རྫི་ཟ་ལར་ཡུལ་སྲོལ་གླིང་། ཧོར་གྲོང་བྱང་རི། རྫ་ལུང་རོང་མཛེས་ལྗོངས་ཁུལ། ཙོང་ཆུའི་དམངས་སྲོལ་རིག་གནས་རྟེན་མཛོད་ཁང་། མཚོ་བོད་མགྲོན་ཁང་ཆེན་མོ། ཆོས་འཁོར་ཁྱད་ལྡན་གྲོང་བརྡལ། ལུང་མདོའི་མཛེས་གྲོང་། ལིག་ཝན་རྫ་ཆས་རྗེས་ཤུལ་སྤྱི་གླིང་སོགས་ཀྱི་གསར་སྐྲུན་རྣམ་གྲངས་ལག་བསྟར་བྱ་རྒྱུ་ཡིན་པ་དང་། 5Aརིམ་པའི་ལྗོངས་ཁུལ་གཅིག་གསར་སྐྲུན་དང་། སྐར་མ་རིམ་པའི་མགྲོན་ཁང་ཆེན་མོ12སོགས་གསར་སྐྲུན་དང་རྒྱས་སྐྲུན་བྱེད་རྒྱུ་རེད།

དུས་མཚུངས་སུ། ཚན་རིག་དང་མཐུན་པའི་འཆར་འགོད་སྣེ་ཁྲིད་ལ་མཐོང་ཆེན་བྱས་ཏེ། 《མཚོ་ཤར་གྲོང་ཁྱེར་གྱི་ཁྱབ་ཁོངས་ཧྲིལ་པོའི་ཡུལ་སྐོར་སྤྱིའི་འཆར་འགོད》དང་། 《མཚོ་ཤར་གྲོང་ཁྱེར་གྱི་ཞིང་སྡེའི་ཡུལ་སྐོར་འཆར་འགོད》སོགས་ཀྱི་སྒྲིག་བཟོའི་ལས་དོན་ལེགས་འགྲུབ་བྱས།《 གྲོང་ཁྱེར་ཡོངས་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཐད་ཀྱི་བྱ་དགའི་ཐབས་ལམ》ལ་ཞིབ་འཇུག་བྱས་ནས་ཕྱིར་བཏོན་པ་དང་། ལྗོངས་ཁུལ་གྱི་ཁ་གསབ་རོགས་རམ་དང་།བྱ་དགའ། དངུལ་བུན་སྐྱེད་གསབ་སོགས་ཀྱི་རྣམ་པའི་སྟེང་ནས་དམངས་གཉེར་ཁེ་ལས་དག་ལྗོངས་ཁུལ་གྱི་གསར་སྤེལ་འཛུགས་སྐྲུན་ཁྲོད་ཟབ་ཞུགས་བྱེད་པར་སྐུལ་ལྕག་དང་། བོགས་གཏོང་དང་ཕབ་འཚོང་།འགན་གཙང་ལེན་སོགས་ཀྱི་ཐབས་ལམ་སྤྱད་དེ་ཚོང་གཉེར་བྱེད་དབང་དང་ཁེ་དབང་ཡོད་ཚད་ལོགས་སུ་འབྱེད་པར་བྱས།

ད་ཆར། ལ་ཅ་རྒྱལ་ཁབ་གནའ་རྫས་རྗེས་ཤུལ་སྤྱི་གླིང་དངོས་མང་བཤམས་སྟོན་ཁང་གི་ཨར་ལས་བཟོ་སྐྲུན་གཞི་རྩའི་ཆ་ནས་ལེགས་འགྲུབ་བྱུང་ཟིན་ཡོད་ལ། བཤམས་སྟོན་ཁང་གི་འགྲེམ་སྟོན་བཟོ་སྐྲུན་གྱི་ལེགས་འགྲུབ་ཚད་བརྒྱ་ཆའི90ཟིན་ཡོད་པར་ཟད། ལེགས་སྒྲིག་བྱེད་བཞིན་པའི་སྒང་རེད།དགོན་ལུང་ལྗོངས་ཁུལ་གྱི་བཙོག་ཆུ་གཙང་སེལ་རྣམ་གྲངས་ཀྱི་གཙོ་གནད་བཟོ་སྐྲུན་དང་དེ་བཞིན་ཆུ་སྦུག་འདྲེན་པ་སོགས་ཀྱི་བཟོ་སྐྲུན་ལས་དོན་དེ་ཟླ6པའི་ནང་ལེགས་འགྲུབ་བྱ་རྒྱུ་དང་། ཡུལ་སྐོར་ཞབས་ཞུ་ལྟེ་གནས་རྣམ་གྲངས་གཞི་རྩའི་ཆ་ནས་ལེགས་འགྲུབ་བྱས་ཏེ། དགོན་ལུང་ལྗོངས་ཁུལ་གྱི་ཁོར་ཡུག་ལེགས་སྒྱུར་བྱས་པ་དང་། རླངས་འཁོར་འདུག་ས་དང་ཉེ་འཁོར་ཐང་ཆེན་སོགས་ཁོར་ཡུག་ལྗང་སྒྱུར་ལ་ཤུགས་བསྣན་པ་རེད། དེ་བཞིན། ཧོར་གྲོང་བྱང་རིའི་ལྗོངས་ཁུལ་དུ་མ་དངུལ་སྒོར་ཁྲི2530བཏང་ཞིང་། ལྗོངས་ཁུལ་གྱི་ཕྱོགས་བསྡུས་ཞབས་ཞུ་ཚིགས་མལ་སོགས་ཀྱི་རྨང་གཞིའི་སྒྲིག་ཆས་འཐུས་ཚང་དུ་བཏང་ཡོད་པ་རེད།

ལོ་ཙཱ་བ། ཀླུ་མོ།