གཏེར་ལེན་ཁ་ནས་མཚོ་ནག་གི་ནུབ་འགྲམ་བར་གྱི་གཞུང་ལམ་བསྐྲུན་རྒྱུ་ཡིན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན།  ཟླ6པའི་ཚེས12ཉིན།  གསར་འགོད་པས་ཞིང་ཆེན་གཞུང་ལམ་འཛུགས་སྐྲུན་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར། ཞིང་ཆེན་ལམ་ཐིག212གཏེར་ལེན་ཁ་ནས་མཚོ་ནག་གི་ནུབ་འགྲམ་དབར་གྱི་གཞུང་ལམ་གྱི་ཨར་ལས་དཔེ་རིས་ལ་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་གྲོས་འཆམ་བྱུང་བ་དང་། མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་གཞུང་ལམ་མི་འགྱང་བར་བསྐྲུན་རྒྱུ་ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།  ཞིང་ཆེན་ལམ་ཐིག212གཏེར་ལེན་ཁ་ནས་མཚོ་ནག་གི་ནུབ་འགྲམ་བར་གྱི་གཞུང་ལམ་ནི《མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་ལམ་དྲའི་འཆར་འགོད(2012~2030ལོ)》ནང་ཞིང་ཆེན་ལམ་ཐིག212གཏེར་ལེན་ཁ་ནས་གཡང་ལུང་གཞུང་ལམ་གྱི་གལ་ཆེའི་གྲུབ་ཆ་ཡིན་པ་དང་། འཆར་འགོད་ནང་གི་ཞིང་ཆེན་ལམ་ཐིག་ཆེས་གཙོ་བོ་ཡིན། གཞུང་ལམ་དེའི་འགོ་འཛུགས་ས་ནི་གཏེར་ལེན་ཁ་གྲོང་ཁྱེར་གྱི་མཁར་བྱང་ཁུལ་དང་ཁུ་ནུ་ལམ་གཉིས་ཀྱི་སྣོལ་མཚམས་ཡིན་པ་དང་། མཇུག་སྡུད་ས་ནི་མཚོ་ནག་གི་ནུབ་འགྲམ་ཡིན་ལ། སྤྱིའི་རིང་ཚད་ལ་སྤྱི་ལེ162ཡོད་པ་རེད། གཞུང་ལམ་དེ་རིམ་པ་གཉིས་པའི་གཞུང་ལམ་གྱི་ཚད་གཞི་གཞིར་བཟུང་ནས་ཇུས་འགོད་བྱ་རྒྱུ་ཡིན་པ་དང་། ལམ་ངོས་ཀྱི་ཞེང་ཚད་སྨི10ཡིན་ཞིང་། ཇུས་འགོད་མྱུར་ཚད་དུས་ཚོད་རེར་སྤྱི་ལེ60དང་དུས་ཚོད་རེར་སྤྱི་ལེ40ཡིན་པ་དང་། དེའི་ནང་གསར་དུ་བསྐྲུན་པའི་གཞུང་ལམ་དུམ་བུར་སྤྱི་ལེ138ཡོད་ཅིང་། མཚོ་ནག་གི་མཛེས་ལྗོངས་ས་ཁུལ་གྱི་གཞུང་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ4ཡོད་པ་རེད།

རྣམ་གྲངས་ལག་བསྟར་བྱེད་པ་དེ་རང་ཞིང་དང་ཀན་སུའུ་ཞིང་ཆེན་དབར་གྱི་དཔེ་བསྡུར་ལ་ཤུགས་སྣོན་དང་། རང་ཞིང་གི་ནུབ་བྱང་ས་ཁུལ་གྱི་གཞུང་ལམ་དྲ་བ་འཐུས་ཚང་དུ་གཏོང་བ། མཚོ་ནག་གི་མཛེས་ལྗོངས་ས་ཁུལ་གྱི་འཕེལ་རྒྱལ་ལ་སྐུལ་འདེད་བཅས་བྱེད་པར་ནུས་པ་གལ་ཆེན་ལྡན་པ་རེད། དེ་དང་ཆབས་གཅིག་ཏུ། ནུབ་རྒྱུད་རྒྱལ་སྲུང་འཛུགས་སྐྲུན་སྲ་བརྟན་ཏུ་གཏོང་བ་དང་།  གྲངས་ཉུང་མི་རིགས་ས་ཁུལ་གྱི་སྤྱི་ཚོགས་ཆབ་སྲིད་བརྟན་ལྷིང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། རྒྱལ་ཁབ་གཅིག་གྱུར་སྲུང་སྐྱོང་བྱེད་པ་བཅས་ལ་འཐབ་ཇུས་ཀྱི་དོན་སྙིང་ཆེན་པོ་ལྡན་པ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།