ལོ་ངོ10ཡི་ཐོན་ལས་འཕེལ་རྒྱས་བརྒྱུད་དེ་མཚོ་ནུབ་འཕང་འབྲས་ཐོན་སྐྱེད་རིན་གོང་ལྡབ65འཕར་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན།ཉེ་བའི་ལོ་ཤས་རིང་།མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་འཕང་འབྲས་ཐོན་ལས་ཀྱི་གྲུབ་ཆ་སྙོམས་སྒྲིག་བྱས་ཏེ།སྐྱེ་ཁམས་ཁོར་ཡུག་དང་ལྗང་སྒྱུར་སྐྱེ་དངོས་ཐོན་ཁུངས་ཀྱི་ཐོན་ལས་དགེ་མཚན་གལ་ཆེན་སོགས་གསོ་སྐྱོང་ཇེ་ལེགས་སུ་བཏང་ནས།སྲིད་ཇུས། ཚན་རྩལ།ཚོང་ར། སྤྱི་ཚོགས་བཅས་ཕྱོགས་ཡོངས་ཀྱིས་གཙིགས་ཆེར་བཟུང་ནས།འཕང་འབྲས་འདེབས་འཛུགས་བརྟན་འཇགས་ངང་རྒྱ་བསྐྱེད་བཏང་རེད།འཕང་འབྲས་ཐོན་ལས་འཕེལ་རྒྱས་ལ“ཁྱབ་ཁོངས་ཅན་དང་།གཞི་ཁྱོན་ཅན།གཞི་གཅིག་ཅན།མིང་རྟགས་ཅན”སོགས་བདེ་ཐང་དང་གོ་རིམ་ལྡན་པའི་རྣམ་པ་ཞིག་ཆགས་ཡོད་པ་རེད།

2008ལོ་ནས་2017ལོའི་བར།ཐོན་སྐྱེད་རིན་གོང་སྒོར་དུང་ཕྱུར0.33ནས་སྒོར་དུང་ཕྱུར21.6བར་འཕར་ཡོད་པ་དང་།ཐོན་སྐྱེད་རིན་གོང་ལྡབ65འཕར་ཡོད་པ་རེད།རྒྱུས་ལོན་བྱུང་བ་ལྟར་ན།ད་ལྟའི་ཆར།མཚོ་ནུབ་ཁུལ་གྱི་འཕང་འབྲས་འདེབས་འཛུགས་ཀྱི་རྒྱ་ཁྱོན་ལ་ས་མུའུ་ཁྲི48.4ཡོད་པ་དང་།དེའི་ཁྲོད།ན་གོར་མོ་གྲོང་ཁྱེར་ལ་ས་མུའུ་ཁྲི8.7དང་།གཏེར་ལེན་ཁ་གྲོང་ཁྱེར་ལ་ས་མུའུ་ཁྲི11.72།གཏེར་ལམ་རྫོང་ལ་ས་མུའུ་ཁྲི21.1དང་།དབུས་ལམ་རྫོང་ལ་ས་མུའུ་ཁྲི4.79།ཚྭ་འདམ་གཞོང་ལ་ས་མུའུ་ཁྲི2.1བཅས་ཡོད་པ་རེད།2006ལོ་ནས་2010ལོ་ལོ་མཇུག་བར་དང་བསྡུར་ན་ཐོན་སྐྱེད་རིན་གོང་ལྡབ3.09ཡིས་ཇེ་མཐོར་སོང་ཡོད་ལ།སིལ་སྐམ་གྱི་སྤྱིའི་ཐོན་སྐྱེད་ཚད་ཏུན་ཁྲི7.82དང་།ཐོན་སྐྱེད་རིན་གོང་སྒོར་དུང་ཕྱུར21.6ཡོད་པས།དཔལ་འབྱོར་ཕན་ཁེ་མངོན་གསལ་ཡིན་པ་རེད།འཕང་འབྲས་ཐོན་ལས་ནི་མཚོ་ནུབ་ཁུལ་གྱི་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་བཙལ་བའི་ལམ་བུ་གཙོ་བོ་ཡིན་པ་དང་།རྩིས་བཤེར་བྱས་པར་ལྟར་ན།ས་མུའུ་རེ་རེའི་འཕང་འབྲས་ཀྱི་ཡོང་འབབ་སྒོར3000ནས་སྒོར6000བར་ཡིན་ལ།རོང་འབྲོག་མང་ཚོགས་ཀྱི་སྤྱིའི་ཐོན་སྐྱེད་རིན་གོང་2008ལོ་ཡི3.2%དེ2017ལོའི་46.7%བར་འཕར་ཡོད་པ་རེད།

ལོ་ཙཱ་བ། ཤ་མོ་འཚོ།