བུད་མེད་ལ་མངལ་སྦྲུམ་པའི་དུས་ཀྱི་རྒྱུན་ཤེས་དྲིས་ལན།(སྟོད་ཆ།)

1.མངལ་སྦྲུམ་པའི་དུས་ཡུན་ལ་གཟའ་འཁོར་དུ་ཡོད། མངལ་སྦྲུམ་པའི་དུས་སྟོད་དང་དུས་དཀྱིལ། དུས་མཇུག་སོགས་ཇི་ལྟར་རིགས་དབྱེ་བྱས་པ་རེད།

ལན། སྦྲུམ་མའི་དུས་ལ་མངལ་ཆགས་པ་ཡང་ཟེར་ཞིང་མངལ་སྦྲུམ་པའི་དུས་ཡུན་ལ་ཉིན280བརྒྱུད་དགོས་པ་དང་ཁྱོན་བསྡོམས་གཟའ་འཁོར40ཡོད། གོམས་ལོབས་སུ་ཡོངས་གྲགས་ལ་ཟླ་དགུ་ཞག་བཅུ་ཞེས་གཏན་འབེབས་བྱས་ཡོད་ལ། ཉིན28ནི་མངལ་ཆགས་པའི་ཟླ་གཅིག་ཡིན། མངལ་སྦྲུམ་པའི་དུས་ཡུན་མི་འདྲ་བ་དག་གི་ཁྱད་ཆོས་དེ་རྒྱུས་ལོན་བྱེད་ཆེད་སྤྱིར་བཏང་དུ་མངལ་སྦྲུམ་པའི་བརྒྱུད་རིམ་ཡོངས་རྫོགས་དུས་རིམ་གསུམ་དུ་བགོས་ཡོད་ལ། མངལ་སྦྲུམ་པའི་སྔོན་གྱི་ཟླ་གསུམ་སྟེ་གཟའ་འཁོར12གྱི་ཡར་སྔོན་ལ་མངལ་སྦྲུམ་པའི་དུས་སྟོད་དང་མངལ་སྦྲུམ་པའི་དབར་གྱི་ཟླ་བཞི་སྟེ་གཟའ་འཁོར13ནས་27དབར་གྱི་གཟའ་མཇུག་དབར་ལ་མངལ་སྦྲུམ་པའི་དུས་དཀྱིལ་ཟེར། མངལ་སྦྲུམ་པའི་རྗེས་ཀྱི་ཟླ་གསུམ་སྟེ་གཟའ་འཁོར28 པའི་རྗེས་ནས་བཟུང་མངལ་སྦྲུམ་པའི་དུས་མཇུག་ཟེར།

2.མངལ་ཆགས་པར་འཛོམས་དགོས་པའི་ཆ་རྐྱེན་ལ་གང་དག་ཡོད།

ལན། ①སྐྱེས་པའི་ཁམས་དཀར་ཐིག་ལེ་དེ་ངེས་པར་དུ་བདེ་ཐང་ཡིན་དགོས་པའི་མི་ཚད་གསོན་ཤུགས་ལྡན་དགོས། ② བུད་མེད་ཀྱི་ཁམས་དམར་འབྱུང་གནས་དེར་ཁམས་དཀར་དམར་འཚར་ལོངས་དང་བདེ་ཐང་ངང་གཉོམ་ལག་རྒྱས་ཐུབ་དགོས། ③ཁྱོ་ཤུག་དབར་དུ་མཐུན་སྡེབ་འཁྲིག་སྤྱོད་བྱེད་དུས་སྐྱེས་པས་ངེས་པར་དུ་རང་གི་ཁམས་དཀར་ཐིག་ལེ་དེ་བུད་མེད་ཕྱོགས་ཀྱི་མཚན་ལམ་དུ་འཕོ་དགོས། ④ ཁམས་དཀར་གྱིས་ངེས་པར་དུ་བརྒྱུད་དགོས་པའི་ལམ་ནི་སྐྱེས་པའི་རླིག་རིལ་དང་ཁམས་དཀར་འདྲེན་སྦུབས། གཅིན་ལམ་བཅས་ནས་བུད་མེད་ཀྱི་གསང་ལམ། བུ་སྣོད་འདྲེན་སྦུབས། བུ་སྣོད་ཀྱི་ནང་། ཁམས་དམར་འདྲེན་སྦུབས་བཅས་ཡིན་ལ། དེ་དག་ངེས་པར་དུ་འགོག་མེད་རྒྱུན་ལྡན་ཡིན་དགོས། ⑤ འཚར་ལོངས་བྱུང་བའི་ཁམས་དཀར་དང་ཁམས་དཀར་གཉིས་ཀ་ཁམས་དམར་འདྲེན་སྦུབས་ལམ་ནས་མཉམ་འདྲེས་བྱུང་བ་དང་ཁམས་དཀར་དང་ལེན་གྱིས་ཁམས་དམར་འདྲེན་སྦུབས་ཀྱི་ནུར་འགུལ་གྱིས་བུ་སྣོད་ནང་དུ་བསྐྱལ་བ་རེད། ⑥ བུ་སྣོད་ཀྱི་ནང་སྐྱི་དེར་ཁམས་དཀར་སྐྱེ་འཕེལ་དང་འཚར་ལོངས་བྱུང་།

3.མངལ་ཆགས་རྗེས་ནད་རྟགས་གང་དག་འབྱུང་ངེས།

ལན། ①ཟླ་མཚན་རྒྱུན་ལྡན་ཡིན་པའི་གཉེན་བསྒྲིགས་བྱས་ཟིན་པའི་བུད་མེད་ལ་རྒྱུན་ལྡན་གྱི་ཟླ་མཚན་འབབ་པའི་དུས་ལས་ཉིན10བརྒལ་རུང་ཟླ་མཚན་མི་འབབ་པ། ② ཞེ་མེར་བ་དང་སྐྱུག་རྒྱུ་ཡོང་བ། ཟ་མ་ཟ་བའི་ཡུ་ག་མེད་པ། ཟ་མ་ཁ་འདེམས་ཆེ་བ་སྟེ་སྐྱུར་ལ་ཁ་ཚ་བའི་ཟས་རིགས་ཟ་རྒྱུར་དགའ་བ། དེ་མིན་ད་རུང་མགོ་ཡུ་འཁོར་བ་དང་ལུས་ཟུངས་ཟད་པ། ཐང་ཆད་པ། གཉིད་ཡོང་བ་ལྟ་བུ། ③གཅིན་པ་གཏོང་རྒྱུ་མང་བ་དང་ནུ་མ་རིམ་བཞིན་ཆེ་རུ་འཕར་ནས་ཟུག་གཟེར་ལངས་བ་ལྟ་བུ།

4.མངལ་སྦྲུམ་པའི་དུས་ཚོད་དེ་ཇི་ལྟར་རྩིས་རྒྱག་དགོས་པ་རེད།

ལན། དེ་ནི་ཟླ་མཚན་མ་ཡོང་བའི་ཟླ་དེའི་ཟླ་རྗེས་མའི་ཉིན་དང་པོ་ནས་བརྩི་དགོས་པ་དང་ཟླ་བའི་དེའི་ཁ་ནས་གསུམ་འཐེན་པའམ་ཡང་ན་དགུ་སྣོན་དགོས། ཉིན་གྲངས་ཀྱི་སྟེང་ལ་བདུན་སྣོན་དགོས། དཔེར་ན་ཟླ་མཚན་ཆད་པའི་དུས་ནི1995ལོའི་ཟླ5བའི་ཚེས4ཡིན་ན། མངལ་སྦྲུམ་པའི་དུས་ནི་1996ལོའི་ཟླ2(5-3)བའི་ཚེས11(4+7)ཉིན་ཡིན། གལ་ཏེ་ལུགས་རྙིང་ལྟར་བརྩིས་ན་ཟླ་བ་དེའི་ནང་ནས་3འཐེན་པའམ་ཡང་ན9སྣོན་དགོས། ཉིན་གྲངས་ཀྱི་སྟེང་ལ15བསྣན་བཏང་ན་ཆོག གལ་ཏེ་ཟླ་མཚན་འབབ་པའི་ཟླ་ཚེས་ཡིད་ལ་གསལ་བོར་བཟུང་མེད་ན་སྨན་ཁང་དང་ཡང་ན་ཞབས་འདེགས་ས་ཚུགས་སུ་སོང་ནས་ཁྱེའུ་འགུལ་བའི་དུས་ཚོད་དང་འོད་འགྱེད་བརྟག་དཔྱད་གཞི་བཟུང་ན་ཕལ་ཆེར་ཚོད་རྩིས་བྱེད་ཐུབ་ངེས།

5. བྱིས་པ་ཕོ་མོ་སྐྱེས་པ་དེ་ཅི་ལྟར་བྱུང་བ་རེད།

ལན། མིའི་རིགས་ཀྱི་སྐྱེ་འཕེལ་དབང་བོའི་ཕྲ་ཕུང་གི་ཁྲོད་དུ་ཚོས་ལེན་རྫས་ཕྲ་རིགས་23ལྷག་ཡོད་ལ། དེ་ནི་མིའི་ལུས་ཕུངས་ཀྱི་རྣམ་དབྱིབས་མཚོན་སྟངས་ཡང་རེད། ད་རུང་མིང་ལ་འཁྲིག་སྤྱོད་རང་བཞིན་གྱི་ཚོས་ལེན་རྫས་ཕྲ་ཟེར་བ་ཞིག་ཀྱང་ཡོད་ལ། དེ་ནི་ཁྱེའུ་ཡི་ཕོ་མོ་ཐག་གཅོད་བྱེད་སྤྱད་ཤིག་ཡིན། ཁྱེའུ་ཕོ་ཡི་འཁྲིག་སྤྱོད་རང་བཞིན་གྱི་ཚོས་ལེན་རྫས་ཕྲ་ནི་XYཡིན་ལ། ཁྱེའུ་མོ་ཡི་འཁྲིག་སྤྱོད་རང་བཞིན་གྱི་ཚོས་ལེན་རྫས་ཕྲ་ནིXXཡིན། བུད་མེད་དག་གིས་འཁྲིག་སྤྱོད་རང་བཞིན་གྱི་ཚོས་ལེན་རྫས་ཕྲXཡི་ཁམས་དམར་མ་གཏོགས་ཐོན་སྐྱེད་བྱེད་མི་ཐུབ་ལ། སྐྱེས་པ་དག་གིས་ཁམས་དཀར་རིགས་གཉིས་ཐོན་སྐྱེད་བྱེད་ཐུབ་ལ། དེ་ནི་འཁྲིག་སྤྱོད་རང་བཞིན་གྱི་ཚོས་ལེན་རྫས་ཕྲXཡི་ཁམས་དཀར་དང་འཁྲིག་སྤྱོད་རང་བཞིན་གྱི་ཚོས་ལེན་རྫས་ཕྲYཡི་ཁམས་དཀར་གཉིས་ཡིན། དེ་ཡང་ཁམས་དཀར་དམར་གཉིས་ཀ་མཉམ་འདྲེས་བྱུང་དུསXའདུས་པའི་ཁམས་དམར་དང་Xའདུས་པའི་འཁྲིག་སྤྱོད་རང་བཞིན་གྱི་ཚོས་ལེན་རྫས་ཕྲ་ཁམས་དཀར་འདྲེས་པ་ན་ཐིག་ལེའི་དབྱིབས་ནིXXཡིན་ཞིང་སྐྱེ་འཕེལ་བྱུང་བ་ནི་ཁྱེའུ་མོ་ཡིན་ངེས། གལ་ཏེ་Xའདུས་པའི་ཁམས་དམར་དང་Yའདུས་པའི་འཁྲིག་སྤྱོད་རང་བཞིན་གྱི་ཚོས་ལེན་རྫས་ཕྲ་ཁམས་དཀར་འདྲེས་པ་ན་ཐིག་ལེའི་དབྱིབས་ནིXYཡིན་ཞིང་ཁྱེའུ་ཕོ་འཚར་ལོངས་བྱུང་བ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།