བུད་མེད་ལ་མངལ་སྦྲུམ་པའི་དུས་ཀྱི་རྒྱུན་ཤེས་དྲིས་ལན།(སྨད་ཆ།)

6.མངལ་སྦྲུམ་པའི་སྐབས་སུ་ལུས་ཁམས་བདེ་སྲུང་ལ་མཉམ་འཇོག་བྱེད་ས་གང་དག་ཡོད།

ལན། ⑴ འོས་འཚམ་གྱི་ངལ་རྩོལ་དང་ངལ་གསོ་ལ་མཉམ་འཇོག་བྱེད་དགོས། འོན་ཀྱང་འགུལ་སྐྱོད་དྲག་པོ་བྱེད་མི་རུང་ལ། འཁུར་བ་དང་འདེགས་པ། འདེད་པ་སོགས་ཅུང་ལྕི་བའི་ལུས་ཤུགས་ངལ་རྩོལ་གྱིས་ཁོག་པར་རྡུང་རྡེག་ཐེབས་པར་སྔོན་འགོག་བྱེད་དགོས།⑵ དུས་ཚོད་8ལ་གཉིད་པ་དང་གཡོན་ལོག་ཁ་སྦུབས་སུ་ཉལ་བ་རྒྱུན་འཁྱོངས་བྱེད་དགོས། ⑶ གྱོན་ཆས་ཀྱི་ཁོད་ཡངས་དགོས་པ་མ་ཟད་ལུས་ལ་བདེ་ཞིང་འཇམ་གཉེན་ཡིན་དགོས། ⑷ འགོས་ནད་རང་བཞིན་གྱི་ནད་རིགས་སྣ་ཚོགས་ལ་སྔོན་འགོག་བྱེད་དགོས་ཤིང་། ཁྱད་པར་དུ་ནད་དུག་རང་བཞིན་ཅན་གྱི་འགོས་ནད་ལ་གཟབ་དགོས། ⑸ གློག་གི་འོད་འགྱེད་ཐུག་རེག་ལ་ཕྱིར་གཤོལ་བྱེད་དགོས། ⑹ ནད་བྱུང་དུས་སྨན་འཐུང་རྒྱུར་གཟབ་ནན་བྱེད་དགོས།⑺ དུ་བ་འཐེན་པ་དང་ཆང་སོགས་འཐུང་མི་རུང་། ⑻ གནོད་ལྡན་བྱ་དངོས་ལ་རེག་ཐུག་བྱེད་མི་རུང་། ⑼ བཟའ་བཏུང་དང་འཚོ་བཅུད་ལ་མཉམ་འཇོག་བྱེད་དགོས། ⑽ རྒྱུན་དུ་ལུས་པོར་ཁྲུས་བྱས་ཏེ་གཙང་སྦྲ་འཕྲོད་བསྟེན་རྒྱུན་འཁྱོངས་བྱེད་དགོས། ⑾ སེམས་ཁམས་ངེས་པར་དུ་སྐྱིད་དགོས། ⑿ འཁྲིག་སྤྱོད་ཀྱི་འཚོ་བར་ཚོད་འཛིན་བྱེད་དགོས།

7.བུ་སྣོད་དུ་ནད་དུག་བྱུང་ཞེས་པ་དེ་ཅི་ཡིན་ནམ།

ལན། བུ་སྣོད་དུ་ནད་དུག་བྱུང་བ་དེར་ལྷན་སྐྱེས་རང་བཞིན་གྱི་ནད་དུག་བྱུང་བ་ཡང་ཟེར་ཞིང་། དེ་ནི་སྦྲུམ་མར་མངལ་ཆགས་པའི་སྐབས་སུ་ནད་དུག་བྱུང་བས་ཁྱེའུ་སྦྲུམ་པའི་བུ་སྣོད་དུ་ཡང་ནད་དུག་དེ་བྱུང་བ་དང་། ཨ་མ་བརྒྱུད་དེ་ཁྱེའུ་ལ་འགོས་པའི་རིམས་ནད་ཅིག་ཡིན། རང་རྒྱལ་དུ་བྱིས་པ་གསར་སྐྱེས་ལ་ལྷན་སྐྱེས་རང་བཞིན་གྱི་ནད་དུག་སྣ་ཚོགས་ཕོགས་པའི་ཚད་གཞི་དེ་བརྒྱ་ཆའི་བཅུ་ཡི་གཡས་གཡོན་དུ་འཕར་ཡོད་ལ། ཉེན་ཁ་ཧ་ཅང་ཆེ་བ་རེད།

8.བུ་སྣོད་ནང་དུ་ནད་དུག་ཁྱབ་འགྱེད་བྱེད་པའི་བརྒྱུད་རིམ་གཙོ་བོ་ནི་གང་ཡིན་ནམ།

ལན། ①སྦྲུམ་མར་ནད་དུག་བྱུང་རྗེས་ནད་དུག་རང་བཞིན་གྱི་སྐྱེ་དངོས་ཕྲ་རབ་དེ་དག་ཟུངས་ཁྲག་གི་འཁོར་སྐྱོད་བརྒྱུད་དེ་བུ་རོགས་ལས་ཁྱེའུ་ཡི་སྟེང་ལ་འགོས་པ་དང་མང་ཤོས་ནི་མངལ་ཆགས་པའི་དུས་སྟོད་དུ་བྱུང་བ་རེད། ②མངལ་ལམ་ལ་ནད་དུག་ཕོགས་རྗེས་རིམ་གྱིས་རྒྱ་བསྐྱེད་ངང་བུ་སྣོད་ནང་གི་ཁྱེའུ་ལ་ནད་དུག་དེ་བྱུང་བ་རེད། ③བྱིས་པ་གསར་བ་མངལ་ལས་སྐྱེས་དུས་མངལ་ལམ་ལས་ནད་དུག་བྱུང་བ་དང་ཕྲུ་གུས་ནུ་མ་ནུ་དུས་ནད་དུག་འགོས་པ་ཡང་ཡོད།

9.བུ་སྣོད་དུ་ནད་དུག་བྱུང་དུས་ཉེན་ཚབས་ཅི་ཡོད་དམ།

ལན། བུ་སྣོད་དུ་ནད་དུག་བྱུང་བ་ན་རིམ་པ་མི་འདྲ་བའི་མཇུག་འབྲས་མི་ལེགས་པ་གང་མང་ཞིག་འབྱུང་སྲིད་ལ། མངལ་ཆགས་པའི་དུས་སྟོད་ཡིན་ན་མངལ་ཤོར་དང་ལྷན་སྐྱེས་རང་བཞིན་གྱི་ཡ་མ་གཟུགས་སོགས་བྱུང་བ་རེད། དཔེར་ན་སྦྲུམ་མར་ཟྭ་འབྲུམ་ནད་དུག་རང་བཞིན་འགོས་པ་ན་ཁྱེའུ་ལ་ལྷན་སྐྱེས་ཀྱི་ཟྭ་འབྲུམ་འདུས་ཚད་ཀྱི་ནད་བྱུང་ཡོད་པ་དང་ནད་རྟགས་གཙོ་བོ་ནི་རྣ་བ་འོན་པ་དང་ལིང་ཏོག་གི་ནད། གནོད་ལྡན་ཅན་གྱི་བུ་སྣོད་ནད་དུག་གི་མཇུག་འབྲས་དེས་ཁྱེའུ་ཡི་ཤེས་རབ་སྐྱེས་འཕེལ་ལ་འགོག་རྐྱེན་ཐེབས་སྲིད། སྦྲུམ་མར་ནད་དུག་བྱུང་བ་དང་ཕྲ་ཕུང་ནད་དུག་གི་དབང་གིས་མཇུག་འབྲས་སུ་ཁྱེའུ་ལ་མཆིན་ནད་དང་མགོ་ཆུང་ཡ་མ་གཟུགས། གཟུགས་གཞི་ཞ་འཁུམ། རྣ་བ་འོན་པ། ཤེས་རབ་དམན་པ་སོགས་ཡ་མ་གཟུགས་སྣ་ཚོགས་འབྱུང་སྲིད།

10.བུ་སྣོད་ནང་གི་ནད་དུག་འགོས་ནད་དེ་ཅི་ལྟར་སྔོན་འགོག་སྨན་བཅོས་བྱེད་དགོས།

ལན། བུ་སྣོད་དུ་ནད་དུག་འགོས་ནད་བྱུང་རྗེས་སྦྲུམ་མ་མང་ཤོས་ཀྱིས་ནད་རྟགས་མི་ཤེས་ལ་ནད་རྟགས་དེ་ཡང་དེ་འདྲའི་མངོན་གསལ་ཅིག་མིན་པས་རྒྱུན་དུ་བྱིས་པ་གསར་བ་སྐྱེས་དུས་ཡ་མ་གཟུགས་ཡིན་དུས་ད་བཟོད་མངལ་སྦྲུམ་པའི་སྐབས་སུ་བུ་སྣོད་ལ་ནད་དུག་འགོས་པའི་རྒྱུ་རྐྱེན་དེ་ཤེས་རྟོགས་ཐུབ་པ་རེད། དེའི་རྐྱེན་གྱིས་མངལ་མ་ཆགས་པའི་ཡར་སྔོན་ལ་བུ་སྣོད་དུ་ནད་དུག་ཡོད་མེད་ཞིབ་ཚགས་ཀྱིས་བརྟག་དཔྱད་བྱེད་རྒྱུ་དེ་གལ་ཆེན་ཞིག་རེད། གལ་ཏེ་ནད་དུག་འགོས་ཡོད་ན་མངལ་སྦྲུམ་པའི་དུས་ཚོད་ནར་འགྱངས་བྱས་ཏེ་སྨན་བཅོས་བྱེད་དགོས། གལ་ཏེ་མངལ་སྦྲུམ་པའི་སྐབས་སུ་བུ་སྣོད་དུ་ནད་དུག་འགོས་པ་ཤེས་རྟོགས་བྱུང་བ་དང་ཁྱེའུ་ལ་ཡང་ནད་དུག་འགོས་ཡོད་ན་མངལ་སྦྲུམ་པའི་དུས་ཚོད་དེ་མཚམས་བཞག་ན་འགྲིག་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།