སྦྲུམ་མར་རྒྱུན་ལྡན་མིན་པའི་གནས་ཚུལ་བྱུང་དུས་མྱུར་དུ་ཐག་གཅོད་བྱེད་པའི་ཐབས་ལམ། བར་ཆ།

རྒྱུན་ལྡན་མིན་པའི་རྟགས་མཚན། མཚན་མའི་ཁ་ལ་ཟ་འཁྲུག་ལངས་བ་དང་ཟུག་གཟེར་ལངས་བ། གཅིན་ལ་ལན་གྲངས་མང་པ། གཅིན་བཏང་ན་ཟུག་གཟེར་ལངས་བ། དཀར་ལ་སྟུག་པའི་གྲང་གཞི་དཀར་པོ་སྟེ་སྲན་ཕྱེ་ལྟ་བུ་བཞུར་བ།

ཚད་མཐོ་བའི་དོགས་གཞི། འབུ་ཕྲའི་ཕྲེང་ཐག་གི་མངལ་ལམ་གཉན་ཚད་ལངས་སྲིད།

དབྱེ་ཞིབ་བྱས་པ། འབུ་ཕྲའི་ཕྲེང་ཐག་གི་མངལ་ལམ་གཉན་ཚད་ལངས་བ་སྟེ་སྤྱིར་བཏང་དུ་འདིའི་མིང་ལ་མངལ་ལམ་གཉན་ཚད་ལངས་བ་ཟེར་ཞིང་། དཀར་མདོག་གི་འབུ་ཕྲ་མངལ་ལམ་དུ་འཚང་བའི་རྐྱེན་གྱིས་གཉན་ཚད་འབྱུང་སྲིད། མངལ་སྦྲུམ་པའི་སྐབས་སུ་བུ་རོགས་ཀྱིས་མོ་གཤིས་སྐུལ་རྒྱུ་མང་པོ་ཞིག་ཟགས་ཐོན་བྱེད་ལ། མཚན་ལམ་གྱི་སྐྱི་ཤུན་ཕྲ་ཕུང་ལ་མངར་བཅུད་འདུས་ཚད་ཡང་འཕར་སྣོན་བྱུང་སྟེ་མཚན་མའི་དབྱིག་སྲིན་གྱིས་དབྱེ་ཕྲལ་ངང་འོ་སྐྱུར་གྱིས་མཚན་མའི་སྐྱུར་ཚད་ཡར་འཕར་དུ་འཇུག་ལ། མཚན་ལམ་གྱི pH དེ4.5ཡི་ཆུང་དུ་ཕྱིན་དུས་རིམས་འགོག་ནུས་ཤུགས་ཀྱི་ཆ་དེ་ཡང་ལྟོས་བཅོས་ཀྱིས་མར་འགྲིབ་པས་འབུ་ཕྲ་རིམ་བཞིན་ཇེ་མང་དུ་སོང་བ་དང་བསྟུན་ནས་གཉན་ཚད་བྱུང་བ་རེད།

བསམ་འཆར་བཏོན་པ། གལ་ཏེ་དཔེར་མཚོན་རང་བཞིན་གྱི་ནད་རྟགས་བྱུང་བ་ན་སྔ་མོ་ནས་སྨན་ཁང་ལ་བརྟག་དཔྱད་བྱེད་དུ་འགྲོ་དགོས། གལ་ཏེ་མཚན་ལམ་གྱི་ཟགས་ཐོན་བྱ་དངོས་ཁྲོད་འབུ་ཕྲ་དཀར་པོ་དང་དཀར་ཟགས་ཅན་འདྲ་ཡོད་ན་མྱུར་དུ་ནད་བཅོས་གཏན་ཁེལ་བྱེད་དགོས།

ཐག་གཅོད་བྱེད་ཐབས། མངལ་ཆགས་ནས་ཟླ་བརྒྱད་ཀྱི་ཡར་སྔོན་ཡིན་ན་མཚན་ལམ་ལ་མེས་ཁང་ཙོས་དང་ཁུ་མེས་ཙོས་སོགས་རིམས་འགོག་སྨན་རྫས་ལས་སྣོན་བྱས་ཆོག་ལ། གལ་ཏེ་སྨན་ནུས་ཀྱིས་དེའི་ཆ་ཤས་ལ་ཕན་ནུས་མི་ཐོན་ན་ལུས་ཧྲིལ་བོར་བཀོལ་ཆོག་ལ། དབྱི་ཆུས་ཁང་ཙོས་དང་ཧྥུའུ་ཁང་ཙོས་གཉིས་འཐུང་དགོས། མངལ་ཆགས་ནས་ཟླ་བརྒྱད་འགོར་རྗེས་མཚན་ལམ་ལ་སྨན་བྱུགས་ན་འོས་འཚམ་མིན་པར་སྨན་འཐུང་ནས་སྨན་བཅོས་བྱེད་དགོས་ཤིང་། སྨན་བཅོས་བྱེད་སྐབས་གསང་ཁེབས་ལ་གཙང་སྦྲ་བྱས་སྟེ་བརྗེ་རེས་བྱས་དགོས་པ་དང་། གྱོན་ཟིན་པའི་གསང་ཁེབས་དང་ཁྲུས་གཞོང་། ལས་ཕྱིས་སོགས་ཆུ་ཁོལ་གྱིས་གཙང་བཀྲུ་བྱེད་དགོས།

གསལ་འདེབས་བྱས་པ། འབུ་ཕྲའི་རང་བཞིན་གྱི་མངལ་ལམ་གཉན་ཚད་ལ་རྩ་བ་ནས་སྨན་བཅོས་བྱས་ཏེ་དྲགས་བསྐྱེད་བྱེད་དུ་འཇུག་དགོས། དེའི་རྒྱུ་རྐྱེན་ནི་གལ་ཏེ་ཨ་མའི་མཚན་ལམ་ལ་འབུ་ཕྲ་ཇེ་མང་དུ་སོང་ན་ཁྱེའུ་མངལ་ལས་སྐྱེས་དུས་ཕལ་ཆེར་འགོ་སྲིད་པའི་ཉེན་ཁ་ཆེ་བ་དང་། གལ་ཏེ་འབུ་ཕྲ་དེ་ནུ་མ་དང་ནུ་ཏོག ནུ་ཁུག ལྭ་བ། ཉལ་གདན་སོགས་ལ་འགོས་སྟེ་ཁྱེའུ་ལ་འགོས་ནས་གསར་སྐྱེས་བྱིས་པར་ཁ་ལང་བའི་ཉེན་ཁ་ཡང་ཧ་ཅང་ཆེ།


རྒྱུན་ལྡན་མིན་པའི་རྟགས་མཚན། གློ་བུར་དུ་གྲང་འདར་རྒྱག་པ་དང་དྲོད་རྒྱས་པ། མགོ་ན་བ། ལུས་ཡོངས་སྦྲིད་པ། ཞེ་མེར་བ། སྐྱུག་རྒྱུ་ཡོང་བ། གཅིན་གྲངས་མང་བ། གཅིན་གཏོང་རྒྱུ་ཡོང་བ། གཅིན་བཏང་ན་ཟུག་གཟེར་ཆེ་བ། གཅིན་བཏང་རུང་ཚོར་བ་མེད་པ།

ཚད་མཐོ་བའི་དོགས་གཞི། གློ་བུར་བའི་མཁལ་མའི་གཉན་ཚད་བྱུང་བའི་ཉེན་ཁ་ཆེ།

དབྱེ་ཞིབ་བྱས་པ། མངལ་སྦྲུམ་བའི་དུས་སྐབས་ཀྱི་སྐྱེ་ཁམས་ཁྱད་པར་ཅན་དེས་སྦྲུམ་མར་གློ་བུར་བའི་མཁལ་མའི་གཉན་ཚད་བྱུང་དུ་འཇུག་ངེས་ལ། དེའི་རྒྱུ་རྐྱེན་གཙོ་བོར་གཤམ་གསལ་གྱི་རིམ་པ་བཞི་ཡོད། ①བུ་རོགས་ལས་ཐོན་པའི་མངལ་སྦྲུམ་སྐུལ་རྒྱུ་དེ་གཅིན་ལམ་དུ་འདྲེན་དུས་འཇམ་འདྲེད་ཤ་སྒྲིམ་ཞི་ལྷོད་དུ་གྱུར་བ་དང་དལ་འགུལ་ཉམ་ཞན་དུ་གྱུར་བས་དབུགས་ལྒང་ལ་དབུགས་ཚད་ལས་བརྒལ་བ་གསོག་སླ་བས་གཅིན་འདོར་མི་ཐུབ་པ་དང་དབུགས་ལྒང་ནང་དུ་གཅིན་སྙིགས་འཕར་སྣོན་བྱུང་བ་དེས་གཅིན་ལམ་དུ་འབུ་ཕྲ་འཕེལ་རྒྱས་སུ་འགྲོ་བར་ཕན་ཁེ་བསྐྲུན། ②སྦྲུམ་མའི་བུ་སྣོད་ཆེ་རུ་སོང་བ་དང་བསྟུན་ནས་གཅིན་འདྲེན་སྦུགས་གུ་མར་མནན་པས་ཐད་རྐྱེན་གྱི་རྒྱུ་འགག་བྱུང་། ③སྦྲུམ་མའི་བུ་སྣོད་ཇེ་ཆེར་སོང་བ་དང་ཁྱེའུ་ཡི་མགོ་བོ་དབུགས་ལྒང་ཕྱོགས་སུ་སྤོར་ནུར་གྱིས་གཅིན་དོར་རྒྱུན་ལྡན་མིན་པ་དང་གཅིན་པ་ཤུལ་དུ་ལུས་པ་རེད། ④མངལ་སྦྲུམ་པའི་སྐབས་སུ་གཅིན་པ་གཏོང་སླ་བའི་ཕྱིར་རྒུན་འབྲུམ་གྱི་མངར་ཆ་དང་ཨན་གཞི་སྐྱུར། ཆུའི་རང་བཞིན་གྱི་འཚོ་བཅུད་གཞི་རྒྱུ་སོགས་འཚོ་བཅུད་བྱ་དངོས་ཁ་སྣོན་བྱེད་དགོས་ཤིང་། དེ་ནི་ཕྲ་ཕུང་གི་སྐྱེ་འཕེལ་ལ་ཡང་ཕན་པ་རེད། དེ་མིན། བུད་མེད་ཀྱི་གཅིན་ལམ་ཐུང་ལ། གཅིན་ལམ་ཁ་དང་གཤང་ཁ་ཡང་ཐག་ཉེ་བས་རྒྱུ་ལམ་ལ་ཕྲ་ཕུང་གི་ནད་དུག་ཡང་འགོས་སླ།

བསམ་འཆར་བཏོན་པ། གོང་གསལ་གྱི་ནད་རྟགས་དེ་ལྟ་བུ་བྱུང་བ་ན་མྱུར་དུ་སྨན་ཁང་ལ་སྨན་བཅོས་བྱེད་དུ་འགྲོ་དགོས་ལ། གཅིན་པ་རྒྱུན་ལྡན་དང་གཅིན་མཚམས་བཞག་སྟེ་ཕྲ་ཕུང་གསོ་སྐྱོང་བྱེད་མཚམས་འཇོག་རོགས་དབར་ནད་རྟགས་སྨན་བཅོས་བྱེད་དགོས།

ཐག་གཅོད་བྱེད་ཐབས། གཅིན་པ་འཕོ་ཐེངས་མང་བ་གསོ་སྐྱོང་དང་སྨན་གྱིས་ལྡོག་ནུས་ལ་ཚོད་ལྟ་བྱས་རྗེས་དུག་སྲིན་འགོག་སྨན་བརྒྱབ་ནས་ནད་དུག་འགོ་བ་ཚོད་འཛིན་བྱེད་དགོས། དེར་རྩ་ལམ་དུ་སྨན་རྒྱག་པ་ལས་གཞན་ད་རུང་ཆུ་མང་པོ་བཏུང་ནས་ཉིན་རེའི་གཅིན་པ་ཕྱིར་འདོར་བའི་ཚད་གཞི་དེ་ཧའོ་ཧྲིན2000ཡན་ལ་ཐོན་དགོས། སྦྲུམ་མ་དུས་ཡུན་ངེས་ཅན་མཁན་ཡིན་ན་ཁ་སྦུག་གིས་གཡས་གཡོན་བརྗེ་རེས་ངང་ངལ་གསོ་བྱས་ན་བུ་སྣོད་ཀྱིས་གཅིན་འདྲེན་སྦུགས་གུར་གནོན་ཤུགས་མི་ཐེབས་པ་མ་ཟད། གཅིན་འདོར་རྒྱུ་དེ་ཡང་ཧ་ཅང་རྒྱུན་ལྡན་ཅན་དུ་འགྲོ་སྲིད།

གསལ་འདེབས་བྱས་པ། གློ་བུར་བའི་མཁལ་མའི་གཉན་ཚད་དེ་ངེས་པར་དུ་ཁྱོན་ཡོངས་ནས་སྨན་བཅོས་དྲག་བསྐྱེད་བྱེད་དགོས་ལ། དེ་མིན་ཡང་དང་བསྐྱར་དུ་ནད་གཞི་འཕར་བ་ན་དལ་བའི་རང་བཞིན་གྱི་མཁལ་མའི་གཉན་ཚད་འབྱུང་སྲིད།


རྒྱུན་ལྡན་མིན་པའི་རྟགས་མཚན། སྦྲུམ་མར་མངལ་ཆགས་ནས་གཟའ་འཁོར20འགོར་རྗེས་ཁོག་སྨད་སྐྲངས་བ་དང་བརྟག་དཔྱད་བྱས་དུས་ཁྲག་ཤེད་འཕར་བ་མ་ཟད། གཅིན་པ་སྤྲི་དཀར་ཅན་དུ་གྱུར་ཡོད།

ཚད་མཐོ་བའི་དོགས་གཞི། སྦྲུམ་མར་ཁྲག་ཤེད་མཐོ་བའི་སྣ་འདུས་རང་བཞིན་གྱི་ནད་རྟགས་འབྱུང་ཉེན་ཆེ།

དབྱེ་ཞིབ་བྱས་པ། སྦྲུམ་མར་ཁྲག་ཤེད་མཐོ་བའི་སྣ་འདུས་རང་བཞིན་གྱི་ནད་རྟགས་འབྱུང་བའི་ཚད་གཞི་དེ་རང་རྒྱལ་དུ་བརྒྱ་ཆའི་བཅུ་ཡིན་ལ། སྦྲུམ་མར་དམིགས་གསལ་གྱིས་ཡོད་པའི་ནད་གཞི་ཤིག་ཀྱང་ཡིན། མིག་སྔར་ནད་རྐྱེན་དེ་གསལ་བོར་མི་ཤེས་མོད། ཕལ་ཆེར་ནད་ཀྱི་འགྱུར་བ་ནི་ལུས་ཧྲིལ་བོའི་འཕར་རྩ་ཆུང་ངུ་དག་རེངས་འཁུམ་དུ་གྱུར་བ་ཡིན་ལས་ཆེ། སྦྲུམ་མར་ཁྲག་ཤེད་མཐོ་བའི་སྣ་འདུས་རང་བཞིན་གྱི་ནད་རྟགས་དེ་ཚོད་འཛིན་ལེགས་པོ་བྱེད་མ་ཐུབ་ཚེ་ཀླད་པ་དང་སྙིང་རྩ། མཆིན་པ། བུ་རོགས་སོགས་ལ་ཆ་སྙོམས་ཀྱིས་ཁྲག་དང་དབྱང་དབུགས་ཆད་པའི་གནོད་འཚེ་བྱུང་ནས་མ་བུ་གཉིས་ཀ་ཉེན་ཁའི་གནས་སུ་ལྷུང་སྲིད།

བསམ་འཆར་བཏོན་པ། སྦྲུམ་མར་དུས་སྔ་མོ་ནས་བཟུང་དུས་ལྟར་དུ་ཁྱེའུ་མ་སྐྱེས་པའི་ཡར་སྔོན་ནས་བཟུང་བརྟག་དཔྱད་བྱེད་དགོས་ཤིང་། གལ་ཏེ་གོང་གི་ནད་རྟགས་དེའི་རིགས་བྱུང་བ་ཡིན་ན་སྨན་པས་མཛུབ་སྟོན་འོག་དུས་ལྟར་སྨན་བཅོས་དང་ནད་རྟགས་ལ་ལྟ་ཞིབ་ཚད་ལེན་བྱེད་དགོས།

ཐག་གཅོད་བྱེད་ཐབས། གལ་ཏེ་ནད་རྟགས་ངོས་འཛིན་བྱུང་བ་ན་ནད་གཞི་ཅུང་ཡང་ན་གཡོན་འཕྲེད་ཁ་སྦུགས་ཀྱིས་ངལ་གསོ་བྱས་ཏེ་འཚོ་བཅུད་སོགས་ཀྱི་ཐད་ལ་ཤུགས་སྣོན་བྱས་ནས་ནད་རྟགས་སྨན་བཅོས་བྱས་ཏེ། གཟབ་ནན་ངང་ནད་རྟགས་ཀྱི་གནས་ཚུལ་འཕེལ་རིམ་ལ་ལྟ་ཞིབ་ཚད་ལེན་བྱེད་དགོས། དེ་མིན་ནད་གཞི་ཅུང་ལྕི་ན་ངེས་པར་དུ་སྨན་ཁང་ནས་ཞག་སྡོད་བྱས་ཏེ་རྩ་འཁུམ་གྲོལ་བ་དང་རྩ་བསྐྱེད་པ། གཅིན་པ་རྒྱུན་ལྡན། ཁྲག་ཤེད་དམའ་རུ་གཏོང་བ་སོགས་ལ་རིམ་པ་བཞིན་སྨན་བཅོས་བྱེད་དགོས། ནད་རྟགས་ཧ་ཅང་ཚབས་ཆེན་ཡིན་པ་མ་ཟད། ཁྱེའུ་མངལ་དུ་ཞུགས་ནས་གཟའ་འཁོར36འདས་པའི་སྦྲུམ་མ་ཡིན་ཚེ། སྔ་མོ་ནས་སྦྲུམ་མ་མངལ་ཤོར་བྱེད་རྒྱུ་ལས་ཐབས་གཞན་མེད་པ་རེད།

གསལ་འདེབས་བྱས་པ། མངལ་སྦྲུམ་རྗེས་སེམས་ཁམས་སྤྲོ་སྐྱིད་རྒྱུན་འཁྱོངས་དང་ངལ་གསོ་ལ་མཉམ་འཇོག གཉིད་སྐྱིད་པོ་ལོག་པ། ཚིལ་ཞག་དང་ཚྭ་ཁུ་ཉུང་དུ་བཏང་སྟེ་སྤྲི་དཀར་དང་འཚོ་བཅུད་གཞི་རྒྱུ། ཐོའུ་དང་ཀེལ། དེ་མིན་གཞན་པའི་ཚད་ཉུང་མ་རྒྱུ་འཕར་སྣོན་བྱས་ཏེ་སྦྲུམ་མར་ཁྲག་ཤེད་མཐོ་བའི་སྣ་འདུས་རང་བཞིན་གྱི་ནད་རྟགས་མི་འབྱུང་བར་སྔོན་འགོག་བྱེད་དགོས།

ལོ་ཙཱ་བ། ལྷ་དཔལ་སྐྱབས།