སྦྲུམ་མའི་རྒྱུན་མཐོང་གི་ནད་རིགས་འགོག་སྲུང་ཤེས་བྱ་ཆུང་ངུ་།

1.རྒྱུན་མཐོང་གི་སྦྲུམ་མའི་ནད་རིགས་ལ་གང་དག་ཡོད།

①མོ་ནད་ཀྱི་གཉན་ཚད་ནི་མོ་ནད་ཀྱི་རྒྱུན་མཐོང་ནད་རིགས་ཤིག་ཡིན་ལ། དེའི་ནང་དུ་མཚན་མའི་ཕྱི་རོལ་གྱི་གཉན་ཚད་དང་མཚན་ལམ་གྱི་གཉན་ཚད། བུ་སྣོད་ཁ་སྦུབས་ཀྱི་གཉན་ཚད། ཁམས་དམར་འདྲེན་སྦུབས་ཀྱི་གཉན་ཚད། བུ་རོགས་ཀྱི་གཉན་ཚད་སོགས་ཡོད།②ནུ་མའི་གཤེར་རྨེན་གྱི་ནད་རིགས་སྟེ། དེའི་ཁོངས་སུ་ནུ་མའི་གཤེར་རྨེན་ཆེས་ཆེར་འཕར་བ་དང་ནུ་མའི་གཤེར་རྨེན་ཚི་སྣའི་ཤ་འཛེར། ནུ་མའི་གཤེར་རྨེན་གྱི་འབྲས་སྐྲན་སོགས་ཡིན། ③མོ་ནད་ཀྱི་སྐྲན་རིགས་སྟེ་དེའི་ཁོངས་སུ་བུ་སྣོད་ཤ་གནད་ཀྱི་སྐྲན་ནད་དང་བུ་སྣོད་ཁ་སྦུབས་ཀྱི་སྐྲན་ནད། ཁམས་དམར་འབྱུང་གནས་ཀྱི་སྐྲན་ནད་སོགས་ཡོད།

2.མཚན་ལམ་གཉན་ཚད་ཀྱི་ངོས་འཛིན།

མཚན་ལམ་གཉན་ཚད་ནི་བུད་མེད་རྣམས་ཀྱི་ཆེས་རྒྱུན་མཐོང་གི་གཉན་ཚད་ནད་རིགས་ཤིག་ཡིན་ལ། དེ་ནི་སོ་སོར་དབྱེ་ན། ①འབུ་ཕྲའི་རང་བཞིན་གྱི་མཚན་ལམ་གཉན་ཚད་སྟེ་ནད་རྟགས་གཙོ་བོ་ནི་འོག་ན་ཤིན་ཏུ་མང་ལ། སྲན་ཕྱེའི་ཁུ་བ་ལྟར་ཟགས་པ། མཚན་སྒོར་ཟ་འཕྲུག་ལངས་བ་དང་ཟུག་གཟེར་ཆེ་བ། འཁྲུག་སྤྱོད་བྱས་ན་ཡང་ཟུག་གཟེར་ཆེ། ②དུག་སྲིན་རང་བཞིན་གྱི་མཚན་ལམ་གཉན་ཚད་སྟེ་ནད་རྟགས་གཙོ་བོ་ནི་མཚན་ལམ་ལས་ཟགས་ཐོན་བྱུང་བ་མོད་ལ། མདོག་ཐལ་སེར་ཅན་གྱི་གཤེར་བག་སྲབ་མོ་དྲི་ངན་བྲོ་བ་ཤིག ③ཟགས་ཐོན་རང་བཞིན་གྱི་མཚན་ལམ་གཉན་ཚད་སྟེ་ནད་རྟགས་གཙོ་བོ་ནི་འོག་ན་ཧ་ཅང་མོད་ལ། སྒོང་སྤྲི་སེར་པོ་ལྟ་བུའི་དྲི་ངན་ཝུ་བ་ཅན་ཞིག མཚན་སྒོར་ཟ་འཕྲུག་ལངས་བ་དང་ཟུག་གཟེར་ཆེ་བ། འཁྲུག་སྤྱོད་བྱས་ན་ཡང་ཟུག་གཟེར་ཆེ་བ་ཞིག ④ལོ་རྒས་རང་བཞིན་གྱི་མཚན་ལམ་གཉན་ཚད་སྟེ་ནད་རྟགས་གཙོ་བོ་ནི་གཅིན་པ་གཏོང་མི་ཐུབ་ལ། མཚན་སྒོར་ཟ་འཕྲུག་དང་ཟུག་གཟེར་ཆེ།

3.མཚན་ལམ་གཉན་ཚད་ཀྱི་སྔོན་འགོག

མཚན་ལམ་གཉན་ཚད་ཕོགས་པའི་ནད་པ་མང་ཤོས་ཤིག་ཚད་ལྡན་གྱི་སྨན་བཅོས་བྱས་པ་བརྒྱུད་ཡོངས་སུ་དྲག་བསྐྱེད་ཐུབ་མོད། འོན་ཀྱང་ནད་རིགས་ཕྱིར་འཕར་སླ་བ་རེད། ཡིན་ཡང་ནད་རིགས་དེ་ཡང་བསྐྱར་ཕྱིར་མི་འཕར་བའི་ཆེད་དུ་མཉམ་འཇོག་བྱེད་དགོས་ས་ལ། ནད་རིགས་སྔོན་འགོག་སྐུལ་རྒྱུ་གང་འདོད་དུ་བཀོལ་མི་རུང་། ལུས་པོ་སྡོམ་དྲགས་པའི་གསང་ཁེབས་གྱོན་མི་རུང་། བུད་མེད་རྣམས་ཀྱིས་དུས་ཡུན་རིང་བོར་སྦྲུམ་འགོག་སྨན་རིགས་བཏུང་མི་རུང་། བདེ་ཐང་ཆ་སྙོམས་ཀྱི་བཟའ་བཏུང་དང་འཁྲིག་སྤྱོད་ཀྱི་འཚོ་བ་ཧ་ཅང་ལྷད་མེད་ཡིན་དགོས། སེམས་ཁམས་སྐྱིད་པ་རྒྱུན་འཁྱོངས་བྱེད་དགོས། གཅིན་སྙི་ཟ་ཁུའི་ནད་པས་ཁྲག་གི་མངར་ཆར་ཚོད་འཛིན་བྱེད་དགོས་པ་མ་ཟད། ངེས་པར་དུ་ཁྲུས་ཁང་གི་གཙང་སྦྲའི་སྒྲིག་གཞི་ལ་མཉམ་འཇོག་བྱེད་དགོས།

4.ནུ་མའི་གཤེར་རྨེན་གྱི་ནད་རིགས་དེ་ཅི་ལྟར་སྔོན་འགོག་བྱེད་དགོས།

འོས་འཚམ་གྱིས་གཉེན་བསྒྲིགས་དང་མངལ་ཆགས་སུ་བཅུག་ནས་ནུ་མ་བསྣུན་སྟེ་སེམས་ཁམས་སྐྱིད་པོ་ཡོང་བ་གཏན་འཇགས་དང་རྒྱུན་འཁྱོངས་བྱེད་དགོས། དེ་མིན་མོ་གཤིས་སྐུལ་རྩི་ཅན་གྱི་ངོ་འཕུར་དང་སྨན་རྫས་སོགས་གཏན་ནས་བེད་སྤྱོད་བྱེད་མི་རུང་། གང་ནུས་ཀྱིས་མི་ཚོགས་འདུས་སྡོད་སྟུག་སར་ཕྱིར་གཤོལ་བྱས་ཏེ་ནུ་མའི་གཤེར་རྨེན་གྱི་སྐྲན་རིགས་བྱུང་བར་སྔོན་འགོག་བྱེད་དགོས། ལོ་ཕྱེད་རེ་དང་ཡང་ན་ལོ་གཅིག་རེའི་མཚམས་སུ་ནུ་མའི་གཤེར་རྨེན་ལ་འོད་འགྱེད་བརྟག་དཔྱད་ཐེངས་རེ་བྱེད་དགོས།

5.ནུ་མར་རང་ཉིད་ཀྱིས་བརྟག་དཔྱད་བྱེད་པའི་ཐབས་ལམ།

ཟླ་རེར་རང་ཉིད་ཀྱིས་རང་གི་ནུ་མར་བརྟག་དཔྱད་གཏན་ཁེལ་བྱེད་དགོས་ཤིང་ཟླ་མཚན་ཆད་མེད་པའི་བུད་མེད་དག་གིས་ཟླ་མཚན་བབས་རྗེས་ཀྱི་ཉིན་བཞི་བ་ནས་བདུན་པའི་དབར་དུ་བརྟག་དཔྱད་བྱས་ན་འོས་འཚམ་ཡིན་ལ། ལུས་པོ་བཀྲུ་དུས་མེ་ལོང་གི་མདུན་དུ་ཀྲོང་ངེར་ལངས་ནས་ལྟ་རྟོག་བྱས་ན་སྐྲངས་འབུར་ཡོད་མེད་གསལ་བོར་ཤེས་ཐུབ། ནམ་རྒྱུན་བརྟག་དཔྱད་བྱེད་ཐབས་ལ་དྲང་མོར་ལངས་བ་དང་ཁ་སྦུབས་ཀྱིས་ཉལ་བའི་རྣམ་པ་གཉིས་ཡོད་ལ། རྐང་ལག་བཞི་བོ་མཉམ་དུ་བསྡད་དེ་ནུ་མའི་མཐའ་འཁོར་ནས་འགོ་བརྩམས་སྟེ་ནུ་ཏོག་གི་ཚུགས་ཀར་ཐུག་རེག་བརྟག་ཐབས་སྟེ། ནང་ཕྱོགས་སུ་སྤོར་ནུར་གྱིས་ནུ་མའི་ཉེ་འཁོར་ནས་ནུ་ཏོག་གི་དབར་ཡིན། ནུ་མ་དེ་ཚད་རིམ་བཞི་རུ་དབྱེ་ཡོད་ལ། ཚད་རིམ་དེ་བཞི་བོར་རྐང་ལག་མཉམ་གནས་ཀྱིས་རེག་ཐུག་བྱེད་དུས་སྲ་འགྱུར་ཅན་ཡིན་མིན་ལ་ངེས་པར་དུ་མཉམ་འཇོག་བྱེད་དགོས། གལ་ཏེ་ཅུང་སྲ་མོ་དང་མཐའ་འཁོར་རྒྱུན་ལྡན་མིན་པ། ཕྱི་ཚུལ་འོད་ཡུག་ཡུག་མི་བྱེད་དུས་དུས་ལྟར་སྨན་བཅོས་བྱེད་དགོས་ཤིང་། ནད་མེད་དུས་སྔོན་འགོག་དང་ནད་ཡོད་དུས་སྔ་མོ་ནས་སྨན་བཅོས་བྱས་ན་འོས།

6.བུ་སྣོད་ཁ་སྦུབས་ཀྱི་གཉན་ཚད་དང་རུལ་མྱགས་ནི་ཅི་ཡིན་ནམ།

བུ་སྣོད་ཀྱི་གཉན་ཚད་ནི་མངལ་ཆགས་སྲིད་པའམ་ཡང་ན་ལོ་ན་ཅུང་རྒན་པའི་བུད་མེད་དག་ལ་དམིགས་གསལ་གྱིས་ཡོད་པའི་རྒྱུན་མཐོང་ནད་རིགས་ཤིག་སྟེ་དལ་བའི་རང་བཞིན་ཅན་ཅུང་མང་ལ། བུ་སྣོད་ཕྱི་ཤུན་གྱི་སྐྱི་མོ་ཇེ་སྲབ་དུ་སོང་བ་དང་འགོག་སྲུང་གི་ནུས་པ་ཉམ་པས་ནད་དུག་འགོས་སླ་བ་རེད། མང་ཤོས་ནི་མངལ་ཆགས་པ་དང་མངལ་ཤོར་བ། བཤག་བཅོས་སོགས་ཀྱི་དབང་གིས་འབུ་ཕྲ་ནང་འཛུལ་གྱིས་བཟོས། བུ་སྣོད་རུལ་མྱགས་ནི་བུ་སྣོད་གཉན་ཚད་ཀྱི་རྒྱུན་མཐོང་ནད་དེའི་འགྱུར་ལྡོག་རིགས་ཤིག་སྟེ་དོན་དངོས་སུ་རུལ་མྱགས་སུ་སོང་བ་གཏན་ནས་མིན། དེ་ནི་བུ་སྣོད་ཀྱི་ཆེས་གཏིང་ཟབ་སར་ནད་དུག་འགོས་པས་དལ་འགྱུར་རང་བཞིན་གྱི་ནད་རྟགས་བྱུང་བ་དང་ཕྱི་ཚུལ་ནས་སྐྱི་མོའི་འཚོ་བཅུད་ལ་འགལ་རྐྱེན་གྱིས་མར་ལྷུང་བ་སྟེ། སྐྱི་ཤུན་ཕྱི་མ་དེ་རིམ་བཞིན་བུ་སྣོད་ཀྱི་ཕྱིའི་རྣམ་པའི་སྟེང་ཡོངས་སུ་ཁེབས། ཕྱིའི་རྣམ་པའི་སྐྱི་ཤུན་དེ་ཧ་ཅང་ཟབ་པས་མར་གཤམ་གྱི་ཁྲག་རྩ་དང་ཁྲག་སོགས་མཐོང་ཐུབ་པས་བལྟས་ཚོད་ཀྱིས་རུལ་མྱགས་བྱུང་བ་དང་འདྲ་བས་བུ་སྣོད་ཀྱི་རུལ་མྱགས་ཞེས་བརྗོད་པ་རེད།

7.བུ་སྣོད་རུལ་མྱགས་ཀྱི་རྒྱུན་མཐོང་ནད་རྟགས་ལ་གང་དག་ཡོད།

བུ་སྣོད་རུལ་མྱགས་ཀྱི་མཚོན་རྟགས་གཙོ་བོར་ཁམས་དཀར་ཅུང་མང་པ་ལས་གཞན། ཕལ་ཆེར་ད་རུང་མཁལ་སྐེད་ན་བ་དང་འཁྲིག་སྤྱོད་བྱེད་དུས་ཁྲག་བཞུར་བའི་ནད་རྟགས་ཡོད་ངེས། བརྟག་དཔྱད་བྱས་པ་ལས་ཤེས་གསལ་ལྟར་ན་དེ་ནི་བུད་མེད་ལ་མངལ་ཆགས་མི་ཐུབ་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ཀྱང་ཡིན་པས། ངེས་པར་དུ་གསལ་འདེབས་བྱེད་དགོས་པ་ཞིག་ལ། དུས་ཡུན་རིང་བོར་སྨན་བཅོས་མ་བྱས་པ་དང་སྨན་བཅོས་ཡུན་རིང་བྱས་རུང་ཡོངས་སུ་དྲག་མ་ཐུབ་ན་བུ་སྣོད་ཁ་སྦུབས་ཀྱི་གཉན་ཚད་དེ་ནི་བུ་སྣོད་འབྲས་སྐྲན་དུ་འགྱུར་བའི་གཞི་རྒྱུ་རུ་འགྱུར་སྲིད།

8.བུ་སྣོད་ཁ་སྦུབས་ཀྱི་གཉན་ཚད་དང་བུ་སྣོད་རུལ་མྱགས་ཀྱི་སྔོན་འགོག་ལ་མཉམ་འཇོག་བྱེད་དགོས་ས་གཙོ་བོ་གང་དག་ཡོད་དམ།

①འཁྲིག་སྤྱོད་ཀྱི་འཚོ་བ་འཕྲོད་བསྟེན་དང་མཐུན་དགོས་པ་མ་ཟད། རང་གི་གཟའ་ཟླ་ལས་མི་གཞན་པའི་དབར་ལ་འཁྲིག་སྤྱོད་གཏན་ནས་བྱེད་མི་རུང་། ②མངལ་ཆགས་པར་གཤོལ་བ་ནུས་ལྡན་དང་མིས་བཟོས་མངལ་ཤོར་ཚད་ཇེ་དམའ་རུ་གཏོང་དགོས། ③ཧུར་ཐག་གིས་ཟླ་མཚན་འབབ་པའི་གཟའ་འཁོར་ཚད་ལྡན་དང་ཟླ་མཚན་འབབ་པའི་ཚད་རྒྱུན་ལྡན་དུ་གཏོང་དགོས། ④དུས་བཅད་ལྟར་མོ་ནད་ལ་བརྟག་དཔྱད་བྱེད་རྒྱུ་དེ་ནི་ཚན་རིག་དང་མཐུན་པའི་ཐབས་མཆོག་ཤིག་སྟེ། དེ་ཡང་ཁམས་དཀར་རྒྱུན་ལྡན་མིན་པ་ཡོང་བ་དང་ཇེ་མང་དུ་འགྲོ་བ། ཁམས་དཀར་གྱི་དྲི་མ་རྒྱུན་ལྡན་མིན་པ་སོགས་ཀྱི་སྣང་ཚུལ་བྱུང་དུས་མགྱོགས་མྱུར་ངང་སྨན་པར་སྟོན་དགོས།

ལོ་ཙཱ་བ། ལྷ་དཔལ་སྐྱབས།