རང་ཞིང་གིས་སྡེ་བ་དང་གཞིས་ཁུལ3463ལ་བཅའ་ཁྲིམས་བློ་འདོན་པ་བཀོད་སྒྲིག་བྱས་པ།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྡེ་བ་དང་གཞིས་ཁུལ་རེར་བཅའ་ཁྲིམས་བློ་འདོན་པ་གཅིག་རེ་བཀོད་སྒྲིག་བྱེད་པའི་བྱ་བའི་སྐུལ་སྤེལ་ཚོགས་འདུ་ཉེ་ལམ་ཟི་ལིང་ནས་བསྡུས་པ་དང་། ལས་རིགས་མཐུན་ཚོགས་སོ་སོའི་འགན་ཁུར་མི་སྣ་གཙོ་བོ་དང་ཟི་ལིང་ས་ཁུལ་གྱི་ཁྲིམས་རྩོད་པའི་ལས་གཉེར་ཁང་སྐོར་ཞིག་གི་ཀྲུའུ་རིན་སོགས་མི་བརྒྱ་ལྷག་ཚོགས་འདུར་ཞུགས། ཚོགས་ཐོག་ཏུ«སྡེ་བ་དང་གཞིས་ཁུལ་རེར་བཅའ་ཁྲིམས་བློ་འདོན་པ་གཅིག་རེ་བཀོད་སྒྲིག་བྱེད་པའི་བྱ་བ་སྤེལ་བའི་སྐོར་གྱི་ལག་བསྟར་ཇུས་གཞི»དང«སྲིད་གཞུང་གིས་སྡེ་བ་དང་གཞིས་ཁུལ་རེར་བཅའ་ཁྲིམས་བློ་འདོན་པ་གཅིག་རེ་བཀོད་སྒྲིག་བྱེད་པའི་ཞབས་ཞུ་ཉོ་སྒྲུབ་བྱེད་པའི་ལག་བསྟར་ཇུས་གཞི»གཉིས་ཀྱི་ཡིག་ཆའི་དགོངས་དོན་ཀློག་འགྲེལ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་སྡེ་བ་དང་གཞིས་ཁུལ་རེར་བཅའ་ཁྲིམས་བློ་འདོན་པ་གཅིག་རེ་བཀོད་སྒྲིག་བྱེད་པའི་བྱ་བ་སྤེལ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས། མིག་སྔར། ཞིང་ཆེན་ཡོངས་ཀྱི་སྡེ་བ་དང་གཞིས་ཁུལ4605ལས3663ལ་བཅའ་ཁྲིམས་བློ་འདོན་པ་བཀོད་སྒྲིག་བྱས་པ་དང་། དེས་ཞིང་ཆེན་ཡོངས་སུ་ཁེབས་ཚད75%སླེབས། ཟི་ལིང་གྲོང་ཁྱེར་དང་མཚོ་བྱང་ཁུལ་དུ་ཡོངས་སུ་ཁེབས་པར་བྱས་པ་དང་། མཚོ་ནུབ་ཁུལ་དང་མཚོ་ཤར་གྲོང་ཁྱེར་དུ་ཧ་ལམ་ཁེབས་པར་བྱས་ལ། མཚོ་ལྷོ་ཁུལ་དང་རྨ་ལྷོ་ཁུལ། མགོ་ལོག་ཁུལ། ཡུས་ཧྲུའུ་ཁུལ་བཅས་ཀྱིས་བྱ་བ་དེ་ཧུར་ཐག་གིས་སྤེལ་བཞིན་པའི་སྒང་རེད། ཚོགས་ཐོག་ཏུ་གོ་རིམ་རྗེས་མའི་ཞིང་ཆེན་ཡོངས་ཀྱི་སྡེ་བ་དང་གཞིས་ཁུལ་གྱི་བཅའ་ཁྲིམས་བློ་འདོན་པའི་བྱ་བར་བཀོད་སྒྲིག་བཟང་བོ་བྱས།

ཚོགས་འདུའི་སྐབས་སུ། ཚོགས་ཞུགས་འཐུས་ཚབ་པས་རྟ་ཐང་རྫོང་ཧོང་ཅཱ་སྡེ་བའི་སྤྱི་ཐུན་བཅའ་ཁྲིམས་ཞབས་ཞུ་ས་ཚིགས་དང་མཁར་བྱང་ཁུལ་མཱ་ཧྥང་སྲང་ལམ་སྡེ་གསར་གཞིས་ཁུལ་ལ་ཡུལ་དངོས་ལྟ་སྦྱོང་བྱས། ཚོགས་ཐོག་ཏུ། ཟི་ལིང་གྲོང་ཁྱེར་དང་མཚོ་ནུབ་ཁུལ། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ། ན་གོར་མོ་གྲོང་ཁྱེར། གཏེར་ལེན་ཁ་གྲོང་ཁྱེར། མཚོ་སྔོན་ཡན་ཧོས་བཅའ་ཁྲིམས་ལས་གཉེར་ཁང་བཅས་ཀྱིས་བསམ་བློ་བརྗེ་རེས་བྱེད་པའི་གཏམ་བཤད་བྱེད་སྒོ་སྤེལ་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།