རྨ་སྟོད་རྫོང་གིས་བྱེད་ཐབས་སྣ་མང་སྤྱད་དེ་དབུལ་ཐར་བྱ་བར་སྐུལ་འདེད་བཏང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན།  ད་ལོ་ནས་བཟུང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་གིས་དབུལ་ཐར་དམིགས་འབེན་ལ་ནན་ཆེར་གཞིགས་ཏེ། ལོ་སྔོན་མ་གཉིས་ཀྱི་དབུལ་ཐར་གྲུབ་འབྲས་ཁྱོན་ཡོངས་ནས་སྲ་བརྟན་དུ་གཏོང་བའི་རྨང་གཞིའི་སྟེང་། འགན་འཁྲི་ལ་ཤུགས་སྣོན་དང་ཐོན་ལས་དབུལ་སྐྱོར། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། ཡུལ་གཞན་གནས་སྤོར། ལས་གཞི་འཛུགས་སྐྲུན།  དབུལ་ཐར་སྣང་ཚུལ་ཇེ་ལེགས་སུ་གཏོང་བ་དང་། དབུལ་སྐྱོར་བྱ་བའི་རུ་ཁག་འཛུགས་པ། ལྟ་སྐུལ་འགན་འདེད་སོགས་ཕྱོགས་དགུ་དམ་འཛིན་དང་གནད་འཕིགས་ཤུགས་འདོན་བྱས་ཏེ། ད་ལོའི་རྫོང་ཡོངས་ཀྱི་དབུལ་ཐར་བྱ་བར་འགན་སྲུང་བྱས་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། རྨ་སྟོད་རྫོང་གིས་དབུལ་ཐར་མཁྲེགས་གཏོར་བྱ་བ་དེ“འདུ་ཤེས་བཞི”ཡི་ཉམས་ཞིབ་བྱེད་པའི་ཚད་ཤིང་དུ་བྱས་ཏེ་འགན་སྲུང་ཁྱོན་ཡོངས་ལ་ཁེབས་པ་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་པ་དང་། མི་འདང་སར་ཁ་གསབ་བྱེད་པ། ཐོན་ལས་གསོ་སྐྱོང་བྱས་ཏེ་འདེགས་སྐྱོར་ལ་ཤུགས་སྣོན་པ། སློབ་གསོ་གསོ་སྦྱོང་སྤེལ་ཏེ་དབུལ་ཕོངས་ཀྱི་རྒྱུ་རྐྱེན་རྩ་བ་ནས་གཅོད་པ་བཅས་རྒྱུན་ཆད་མེད་པར་འབུར་དུ་ཐོན་པར་བྱས་ཏེ།དབུལ་ཕོངས་མང་ཚོགས་དབུལ་ཐར་བྱེད་པ་དང་ཡང་བསྐྱར་དབུལ་པོར་མི་འགྱུར་བར་འགན་སྲུང་བྱས། དེ་དང་ཆབས་གཅིག་ཏུ། བརྟན་འཇགས་ཡུན་ཕན་གྱི་ཡོང་འབབ་འཕར་སྣོན་ནང་རྐྱེན་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་བ་དང་། དབུལ་སྐྱོར་གསར་སྤེལ་ལས་གཞི་དང་ཐོན་ལས་དབུལ་སྐྱོར་ལས་གཞི། ངེས་གཏན་དབུལ་སྐྱོར་རོགས་འཛུགས་ལས་གཞི་བཅས་ཀྱི་འཛུགས་སྐྲུན་བྱ་བ་བཟང་བོར་བསྒྲུབ་སྟེ2018ལོའི་དབུལ་སྐྱོར་གསར་སྤེལ་ལས་གཞི་དོན་འཁྱོལ་ལ་འགན་སྲུང་བྱས་པ་རེད།

དེ་ལས་གཞན། རྨ་སྟོད་རྫོང་གིས་དབུལ་ཕོངས་སྡེ་བའི་ཐོན་ལས་དབུལ་སྐྱོར་དང་གནས་གཞན་དབུལ་སྐྱོར་སོགས་ལག་བསྟར་བྱེད་པ་ཐོད་བརྒལ་བྱེད་སར་བྱས་པ་དང་དབུལ་ཐར་མཁྲེགས་གཏོར་གྱི་ཕན་ཡོད་གོ་སྐབས་དམ་འཛིན་བྱས་ཏེ་ཆུ་དང་གློག  ལམ་བཅས་གཙོ་བྱས་ཏེ།  རྨང་གཞིའི་སྒྲིག་ཆས་རྣམ་གྲངས་འཛུགས་སྐྲུན་འཕེལ་རིམ་ཇེ་འགྱོགས་སུ་བཏང་བ་དང་། དོན་དངོས་དང་མཐུན་པའི་སྒོ་ནས་དབུལ་ཕོངས་ས་ཁུལ་གྱི་དམངས་འཚོའི་ཆ་རྐྱེན་ལེགས་བཅོས་བྱས་པར་མ་ཟད། གཞི་རྩའི་སྤྱི་བའི་ཞབས་ཞུའི་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ།  དབུལ་ཕོངས་མང་ཚོགས་དབུལ་ཐར་ཕྱུག་འགྱུར་བྱེད་པར་རོགས་སྐྱོར་བྱས་པ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།