ཆ་འཕྲིན་ཅན་གྱི་མྱུར་ལམ་ལ་ཞུགས་པའི་རེབ་གོང་སྒྱུ་རྩལ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཉེ་སྔོན། རྨ་ལྷོ་ཁུལ་ཚན་རྩལ་ཅུའུ་ཡིས་རེབ་གོང་སྒྱུ་རྩལ་གྱི་ཐུན་མིན་རིག་གནས་ཐོན་ཁུངས་ཀྱི་མཐུན་རྐྱེན་ལ་བརྟེན་ནས། ཆ་འཕྲིན་དྲ་བའི་ལག་རྩལ་གཞི་རྟེན་དུ་བྱས་ཏེ། རེབ་གོང་སྒྱུ་རྩལ་རྒྱལ་སྤྱིའི་ཆ་འཕྲིན་ཅན་གྱི་གཞི་གྲངས་ཆེན་པོའི་ལས་སྟེགས་བསྐྲུན་པ་དང་། རེབ་གོང་སྒྱུ་རྩལ་དང་ཆ་འཕྲིན་དྲ་བ། ཚན་རྩལ་བཅས་ཀྱི་མཉམ་འདྲེས་ལ་སྐུལ་འདེད་བཏང་ཞིང་། གོ་ལ་ཧྲིལ་པོའི་ཁྲོམ་རའི་བར་ཕན་ཚུན་འབྲེལ་མཐུད་ཡོང་བར་བྱས་ཏེ། རེབ་གོང་སྒྱུ་རྩལ་ལ་རྒྱལ་སྤྱིའི་རང་བཞིན་གྱི་ཆ་འཕྲིན་དྲ་རྒྱའི་རིག་གནས་སྒྱུ་རྩལ་གསར་གཏོད་དང་ཁྱབ་སྤེལ་ཐད་ཀྱི་སྟེགས་བུ་མཁོ་འདོན་བྱས་ཤིང་། ཀྲུུང་གོ་མ་ཟད་གོ་ལ་ཧྲིལ་པོའི་ཁྲོམ་རར་ཁྱབ་གདལ་གཏོང་བའི་སྐལ་བ་ཡག་པོ་བསྐྲུན་པ་རེད།

2017ལོའི་ཚུན་དུ། རྨ་ལྷོ་ཁུལ་ཚན་རྩལ་ཅུའུ་ཡིས་མཚོ་སྔོན་མི་རིགས་སློབ་ཆེན་དང་། མཚོ་སྔོན་ཀུན་ཕན་རིག་གནས་ཚན་རྩལ་ཚད་ཡོད་ཀུང་སི། རྨ་ལྷོ་ཁུལ་རེབ་གོང་རིག་གནས་སྒྱུ་རྩལ་ཁང་བཅས་མཉམ་འབྲེལ་སྒོས་རེབ་གོང་སྒྱུ་རྩལ་རྒྱལ་སྤྱིའི་རིག་གནས་ཁྱབ་སྤེལ་ཆ་འཕྲིན་ཅན་གྱི་སྟེགས་བུ་འཛུགས་སྐྲུན་ལས་གཞི་གོང་རིམ་ལ་སྙན་ཞུ་བྱས་ཤིང་། ལས་གཞི་འདི་ལ་ཞིང་ཆེན་ཚན་རྩལ་ཐིན་གྱིས་ཚད་མཐོའི་མཐོང་ཆེན་དང་རྒྱབ་སྐྱོར་ཐོབ་སྟེ། 2017ལོའི་གཙོ་གནད་གསར་སྤེལ་ལས་གཞིའི་་ཆོག་མཆན་ཐོབ་པ་རེད།

ཤེས་གསལ་ལྟར་ན། ལས་གཞི་འདིར་ཁྱོན་བསྡོམས་མ་དངུལ་སྒོར་ཁྲི1176དང་། ཚན་རྩལ་ཆེད་སྤྱོད་རོགས་དངུལ་སྒོར་ཁྲི200བཏང་། འཆར་གཞི་ལྟར་ན་ད་ལོའི་ཟླ12པའི་སྔོན་ལ་ཡོངས་འགྲུབ་བྱ་རྒྱུ་རེད། ལས་གཞི་ཡོངས་འགྲུབ་བྱས་རྗེས། རྒྱ་བོད་དབྱིན་གསུམ་སྐད་ཀྱིས་དཔེ་ཀློག་དང་དྲ་ཐོག་ནས་ཕན་ཚུན་གླེང་མོལ་བྱ་ཐུབ་པ་མངོན་འགྱུར་དང་། རེབ་གོང་སྒྱུ་རྩལ་དེ་མཚོ་སྔོན་ཞིང་ཆེན་གྱི་དམིགས་བསལ་གློག་འཕྲུལ་རང་ཤུགས་ཅན་གྱི་ཐོབ་ཐང་ལྡན་པའི་འཛམ་གླིང་གི་རིག་གནས་ཤུལ་བཞག་ཐོག་མ་རུ་འགྱུར་བར་སྐུལ་འདེད་བྱས་ཏེ། སྒྱུ་རྩལ་བརྩམས་ཆོས་ཚང་མ་རྩ་གཉིས་ཨང་བཤེར་སྟེང་ནས་ཐོབ་ཐང་བཤེར་ཆོག་པར་བྱས། དེ་དང་ཆབས་ཅིག ལས་གཞི་འདི་ལག་ལེན་དུ་བསྟར་བས་ཕན་ནུས་ལྡན་པའི་སྒོ་ནས་རིག་གནས་སྒྱུ་རྩལ་ཞབས་ཞུའི་ཁྱབ་ཁོངས་རྒྱ་བསྐྱེད་ཐུབ་པ་དང་། སློབ་ཆེན་སློབ་མ20ལ་ལས་ཀ་རག་ཅིང་། ། དམངས་ཁྲོད་སྒྱུ་རྩལ་པ་དང་ལག་ཤེས་པ1000གི་ལས་ཞུགས་ལ་སྣེ་ཤན་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་རེབ་གོང་རིག་གནས་ཐོན་ལས་འཕེལ་རྒྱས་ལ་དཔེ་སྟོན་དང་མཛུབ་ཁྲིད་ཀྱི་ནུས་པ་ཐོན་པར་སྐུལ་འདེད་གཏང་རྒྱུ་རེད།

ལོ་ཙཱ་བ། ཀླུ་མོ།