བོད་ལུགས་ས་གདན་འགྲེམས་སྟོན་ཏེ་མཚོ་སྔོན་ཕྱི་རོལ་ཡུལ་དང་སྦྲེལ་བྱེད་གསེར་ཟམ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ས་གདན་ཞིག་གིས། མཚོ་སྔོན་དང་འཛམ་གླིང་རིག་གནས་བར་ལ་གསེར་ཟམ་བཙུགས་པ་དང་། མིང་བྱང་ཞིག་གིས། རབ་མཛེས་མཚོ་སྔོན་འཛམ་གླིང་དུ་ཕྱོགས་པར་གསལ་བརྡ་གཏོང་བ་རེད།  བསིལ་རླུང་དལ་གྱིས་ལྡང་ཞིང་རྩི་ལྗང་གི་མགོ་ལྕོག་ལྡེམ་ལྡེམ་གཡོ་བའི་ཟླ་དྲུག་པར།  ཀྲུང་གོའི་མཚོ་སྔོན་བོད་ལུགས་ས་གདན་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་བཅོ་ལྔ་པ་དེ་བདེ་བླག་ངང་མཇུག་སྒྲིལ།  

“དར་ཟབ་ལམ་བུའི་དཔལ་འབྱོར་ཁུལ་གྱི་ངོ་མཚར་བའི་མིང་བྱང་བཟོ་བ”དང་། “སྤུས་ལེགས་པའི་ས་གདན་འཐག་ནས་ཁུལ་གཅིག་ལམ་གཅིག་ལ་སྦྲེལ་ཟམ་འདིང”ཞེས་པ་ནི། ལོ་ངོ་བཅོ་ལྔ་སོང་བའི་བོད་ལུགས་ས་གདན་རྒྱལ་སྤྱིའི་འགྲེམས་ཚོགས་ལ་བསྩལ་བའི་དོན་སྙིང་གསར་པ་རེད། 

བསྡོམས་རྩིས་ལྟར་ན།  ཐེངས་འདིའི་བོད་ལུགས་ས་གདན་རྒྱལ་སྤྱིའི་འགྲེམས་ཚོགས་ཐོག་ཞུགས་མཁན་གྱི་རྒྱལ་ཁབ27དང་།  འགྲེམས་ཞུགས་དང་ཚོགས་ཞུགས་ཀྱི་རྒྱལ་ཁབ34། རྒྱལ་ཕྱིའི་འགྲེམས་ཞུགས་དང་ཚོགས་ཞུགས་ཁེ་ལས223བཅས་ཡོད་ཅིང་། དེ་ནི་ན་ནིང་ལས་ཆ་སྙོམས་ཇེ་མང་དུ་སོང་ཡོད་པ་དང་།  རྒྱལ་ནང་གི་ཞིང་ཆེན་དང་ལྗོངས། གྲོང་ཁྱེར31དང་ཀང་ཨོ་ཐའེ་ས་ཁུལ་བཅས་མ་བསྐུལ་དང་བླང་སྒོས་འགྲེམས་སྟོན་ལ་ཞུགས་ཡོད་པ་རེད།  དེར་མ་ཟད་འགྲེམས་ཚོགས་ཀྱིས“ས་གདན་་རིག་གནས”འགྲེམས་སྟོན་ལ་དོ་སྣང་ཆེན་པོ་བྱས་ཏེ། ཡུལ་ཤུལ་དང་མགོ་ལོག་ཏུ་སྐོར་འགྲེམས་ཐོག་དང་པོར་སྤེལ་ཅིང་འགྲེམས་ཚོགས་ཀྱི་གཞི་ཁྱོན་ཡང་བསྐྱར་རྒྱ་བསྐྱེད་པ་དང་། སྔར་བས་རྒྱལ་སྤྱིའི་ཆེད་ལས་རང་བཞིན་མངོན་ཡོད་པར་མ་ཟད།  དྲ་ཐོག་དང་དྲ་ཕྱི་གཉིས་ཀ་ནས་འགྲེམས་སྟོན་བྱེད་པ་བཅས། མི་ཉམས་ཡུན་གནས་ཀྱི་བོད་ལུགས་ས་གདན་གྱི་དྲ་ལམ་འགྲེམས་སྟོན་གསར་རྒྱག་བྱས་པ་རེད།

བོད་ལུགས་ས་གདན་ནི་རྒྱལ་སྤྱིའི་ཉོ་ཚོང་བརྗེ་རེས་ཀྱིས་བོནལྟ་བུ་ཡིན།

གལ་སྲིད་ཁྱེད་ཀྱིས་འགྲེམས་སྟོན་འདི་ཞིབ་མོར་ཉམས་སུ་མྱངས་པ་ཡིན་ན། ད་གཟོད2018ལོའི་ཀྲུང་གོའི་མཚོ་སྔོན་བོད་ལུགས་ས་གདན་རྒྱལ་སྤྱིའི་འགྲེམས་ཚོགས་ཀྱི་འགོ་ཚུགས་མཛད་སྒོར“རྒྱལ་སྤྱིའི་བྲོ་བ”ཡིས་ཀུན་ནས་ཁྱབ་ཡོད་པ་ཚོར་ངེས།

《ཐང་བོད་གནའ་ལམ 》ཞེས་པའི་རོལ་དབྱངས་ཀྱིས། གནའ་ལམ་དེ་ནི་དར་གོས་ཚོང་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་མཚོན་ཡོད་པའི་ངོས་ནས་མཚོ་སྔོན་དང་འཛམ་གླིང་གི་འབྲེལ་ཐག་ཡང་བསྐྱར་ཇེ་དམ་དུ་བཏང་། དེ་ནི“རིག་གནས་འདྲེན་བྱེད་གཙང་པོ”ཞིག་སྟེ། འདི་ལ་བརྟེན་ནས་ཚོང་འགྲུལ་ཕར་འགྲོ་ཚུར་འོང་དང་མཁས་པའི་བར་འཚམས་འདྲི། རིག་གནས་བར་བརྗེ་སྤེལ་བཅས་ཀྱི་རྣམ་པ་འབྱུང་ཐུབ།  གཞན་ལག་ཤེས་འཐག་བསླེ་ཡི་གོ་རིམ་སོ་སོ་འགྲེམས་ཚོགས་ཀྱི་བར་དུ་བཅུག་ཅིང་། འཕྲེད་གཞུང་གི་བར་གསེང་ནས་འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ་མི་ཉུང་བའི་མི་རྣམས་ཀྱི་བདེ་སྐྱིད་ཀྱི་འཛུམ་ཞལ་ངོམ་ཡོང་། ཁོང་ཚོས་ལག་ཟུང་ལ་བརྟེན་ནས་མཛེས་པའི་འཚོ་བ་བསྐྲུན་ཞིང་། ཐུན་མོང་གི་བརྗོད་གཞི་ཞིག་གི་ཆེད་དུ་རབ་མཛེས་མཚོ་སྔོན་ནས་ལྷན་དུ་འཛོམས་པ་རེད།

རེད་ལགས། བོད་ལུགས་ས་གདན་ནི་མཐོ་སྒང་མི་དམངས་ཀྱིས་གཏོར་པའི་ས་བོན་ཡིན་ཏེ། རེ་བ་ནི་ཕྱོགས་བཞི་མཚམས་བརྒྱད་ཀྱི་སྐུ་མགྲོན་ཚུར་བཀུགས་ནས་ཚོང་གི་གླེང་མོལ་མཉམ་འཛོམས། ཇུས་དང་ཐབས་ཤེས་མཉམ་འདོན། ཁེ་དང་རྒྱལ་ཁ་མཉམ་སྤྱོད་ཡིན་པས།  མཚོ་སྔོན་གྱིས་སྤེལ་བའི་རྒྱལ་སྤྱིའི་ཉོ་ཚོང་བརྗེ་སྤེལ་གྱི་སྟེགས་བུ་གལ་ཆེན་དུ་ཆགས་ཤིང་་།  མཚོ་སྔོན་གྱིས་བློ་གཤོགས་རིང་དུ་བསྐྱངས་ནས་འཛམ་གླིང་དུ་བསྐྱོད་པའི་ཟམ་ཆེན་ཡང་ཡིན།

དོན་དངོས་ཀྱི་ར་སྤྲོད་བྱས་པ་ནི།  བོད་ལུགས་ས་གདན་འགྲེམས་ཚོགས་ལ་བརྟེན་ནས་ཀྲུང་གོའི་བོད་ལུགས་ས་གདན་དེ་འཛམ་གླིང་གི་ས་གདན་ལས་རིགས་ཁྲོད་ཀྱི་གོ་གནས་གཏན་ལ་ཕབ་པ་ཡིན་ལ།  བོད་ལུགས་ས་གདན་ལ་བརྟེན་ནས་མཚོ་སྔོན་དེ་རྒྱལ་ཡོངས་ཀྱི་ལག་ཤེས་བོད་ལུགས་ས་གདན་ཐོན་སྐྱེད་དང་ཕྱིར་གཏོང་གི་རྟེན་གཞི་ཆེ་ཤོས་སུ་གྱུར་བ་ཡིན།

ཐོན་ལས་དང་འགྲེམས་ཚོགས་ཕན་ཚུན་སྐུལ་སྤེལ་གྱི་འཁོར་སྐྱོད་བཟང་བོའི་འཕེལ་རྒྱས་ཀྱི་ལམ་དུ་ཞུགས་པའི་ད་ལོར། རྒྱལ་ཁབ་དང་ས་ཁུལ34ཡི་ཁེ་ལས250དང་། རྒྱལ་ནང་གི་ཞིང་ཆེན་དང་གྲོང་ཁྱེར། རང་སྐྱོང་ལྗོངས་བཅས31གི་ཁེ་ལས400ཐེངས་འདིའི་འགྲེམས་ཚོགས་ལ་ཞུགས། ཕ་ཁི་སི་ཐན་དང་བལ་བོ། རྒྱ་གར།  དབྱི་ལང་། ཨ་ཧྥུ་ཧན་སོགས་སྔར་རྒྱུན་དུ་ཞུགས་མཁན་རྒྱལ་ཁབ་ཀྱིས་མུ་མཐུད་ནས་ཚོགས་པ་རྩ་འཛུགས་སྒོས་འགྲེམས་ཞུགས་ཚོགས་ཞུགས་བྱས་པ་ཕུད།  ཆི་ལི་དང་། པོ་ལི་ཝེ་ཡ།  ཨེ་ཁྭ་ཏོར། མེ་ལུ་སོགས་རྒྱལ་ཁབ་ཀྱི་ས་གདན་ཚོང་པ་རྣམས་ཀྱིས་ཀྱང་ལག་འཐག་ས་གདན་དང་། འགེལ་གྲུམ། ས་གདན་གྱི་མ་བཅོས་རྒྱུ་ཆ་ལས་བཟོས་པའི་ཐོན་རྫས་སོགས་ཁྱད་ལྡན་ཐོན་རྫས་མང་པོ་འགྲེམས་ཚོགས་སུ་འཁྱེར་ཡོང་ཡོད་པ་རེད།

ཕ་ཁི་སི་ཐན་ཚོང་དོན་པུའུ་ཡི་པུའུ་ཀྲང་ལས་རོགས་ཨན་ཇའོ་མུ·ཨ་ས་ཏེ·ཨ་མེ་ཡིས། འགྲེམས་ཚོགས་ཀྱི་སྐབས་ཀྱི་ཁུལ་གཅིག་ལམ་གཅིག་གི་ཉོ་ཚོང་མཉམ་ལས་དང་། ས་གདན་ཐོན་ལས་སྤུས་ལེགས་གོང་སྤེལ་གྱི་གྲོས་ཚོགས་ཐོག་གསུངས་པ་ནང་བཞིན། བོད་ལུགས་ས་གདན་རྒྱལ་སྤྱིའི་འགྲེམས་ཚོགས་ཀྱིས་རྒྱལ་ཁབ་གཉིས་དབར་གྱི་ཉོ་ཚོང་ལ་སྒྲོག་གུ་དང་སྒྲོང་ལོང་ལྟ་བུའི་ནུས་པ་གལ་ཆེན་བཏོན་ཡོད་ཅེས་པ་དེ་ལྟར་རེད།

བོད་ལུགས་ས་གདན་ཏེ་སྒོ་འབྱེད་རྣམ་པའི་དཔལ་འབྱོར་གོང་སྤེལ་གྱི་སྒུལ་ཆས།

ད་ལོའི་བོད་ལུགས་ས་གདན་འགྲེམས་ཚོགས་སྐབས་སུ།  བརྗོད་གཞི་དང་ཆེད་དོན་བྱེད་སྒོ་མི་འདྲ་བའི་འགྲེམས་ཚོགས་ཀྱི་ནང་དོན་ཕུན་སུམ་ཚོགས་པར་བཏང་བ་དེས། སྒོ་ཡངས་པོར་ཕྱེས་པའི་མཚོ་སྔོན་གྱིས་ཁྱེད་རང་བསུ་འདོད་ཀྱི་འདུན་པ་དྲག་པོ་དེ་བསྟན་ཡོད།  ས་གདན་ལ་སྦྲེལ་ནས་བོད་ལུགས་ས་གདན་འགྲེམས་ཚོགས་དེ། མཚོ་སྔོན་གྱིས་ཕྱི་ཕྱོགས་སྒོ་འབྱེད་རྣམ་པའི་དཔལ་འབྱོར་དར་སྤེལ་གྱི་སྐུལ་འདེད་བྱེད་ཆས་སུ་གྱུར།

ད་ལོར་ཚོགས་པ་རྩ་འཛུགས་ཐོག་བོད་ལུགས་ས་གདན་འགྲེམས་ཚོགས་སུ་ཞུགས་པའི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་འགྲེམས་ཁུལ་ནང་། བོད་ཀྱི་བུད་མེད་འགས་ཡུལ་དངོས་སུ་ལུག་བལ་གྱིས་སྐུད་པ་འཁལ་བའི་ལག་རྩལ་ངོམ་པ་དང་། སྦྲ་གུར་ནང་དུ་ཁྱད་ལྡན་ལག་ཤེས་བཟོ་རྩལ་གྱི་ཐོན་རྫས་དང་བཟའ་བཏུང་ལེགས་ཤོས་བཤམས་ཡོད་ཅིང་། དེས་སྐུ་མགྲོན་ལ་བཅིངས་པའི“སེམས་འདུན”ཡོངས་སུ་མཚོན་པར་བྱས་ཡོད།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་གཙོ་པད་རྒྱལ་བཀྲ་ཤིས་ཀྱིས་དེ་ལ་འདི་སྐད་དུ།  མགོ་ལོག་གིས་སྣོད་བཅུད་དཔལ་ཡོན་དར་སྤེལ་བྱ་བ་དེ་ཁུལ་གྱི་རྩ་བའི་རྩ་དོན་དུ་བཞག་ཅིང་།  ཁྱད་ལྡན་ཐོན་ལས་མགྱོགས་པོར་གོང་སྤེལ་གཏོང་བ་དེ་ཁུལ་ཕྱུག་པོར་བསྒྱུར་བའི་ལམ་བུར་བརྩིས་ཡོད།  “ཐོན་ལས་དང་པོ་ཆུ་ཚད་ལ་སླེབས་པ་དང་། ཐོན་ལས་གཉིས་པས་ཁྱད་ཆོས་འཛིན་པ།  ཐོན་ལས་གསུམ་པ་གོང་སྤེལ་ཆེན་པོ་གཏོང་པ”ཡི་ཐོན་ལས་འཕེལ་རྒྱས་ཀྱི་བྱེད་ཕྱོགས་གཞིར་བཟུང་སྟེ།  མི་རིགས་ཀྱི་ལག་ཤེས་བཟོ་རྩལ་ལས་བྱུང་བའི་སྒྱུ་རྩལ་ཐོན་རྫས་དང་། བོད་ལུགས་ས་གདན།  རྫ་ཆས།  རྡོ་བརྐོས། བོད་སྤོས། ཁྱད་ལྡན་ཡུལ་སྐོར་ཐོན་རྫས་གཙོ་བྱས་པའི་ཁྱད་ཆོས་ཅན་གྱི་ཡང་པའི་བཟོ་ལས་ཀྱི་ཐོན་ལས་སྤུས་ལེགས་སྔར་ལས་ལྷག་པ་སྤེལ་རྒྱུ་བྱས་ཡོད། རེ་བ་ནི་བོད་ལུགས་ས་གདན་འགྲེམས་ཚོགས་འདི་ལ་བརྟེན་ནས། མི་སྔར་ལས་མང་པོ་ཞིག་གིས་གངས་རིའི་ལྗོངས་ཀྱི་ཡུལ་མགོ་ལོག་ལ་རྒྱུས་ལོན་དང་། ཕྱི་ཕྱོགས་སུ་དར་སྤེལ་གཏོང་བའི་ལམ་བུ་རྒྱ་བསྐྱེད།  མགོ་ལོག་དང་དཔལ་འབྱོར་ཉོ་ཚོང་བརྗེ་སྤེལ་དང་མཉམ་ལས་ལ་སྦྲེལ་ཟམ་འཛུགས་ཐུབ་རྒྱུ་དེ་ཡིན་ཟེར།

དེ་བཞིན་དུ་ཐེངས་འདིའི་གཟབ་འཆོར་ངོམ་སྔོན་བྱེད་མཁན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱིས་ཀྱང་གོ་སྐབས་འདི་དམ་འཛིན་བྱས་ནས་ཡུལ་ཤུལ་གསར་པའི་རྣམ་པ་ཅི་དགར་ངོམ་སོ་བྱས།

འགྲེམས་ཚོགས་ཀྱིས་ཕྱི་ཕྱོགས་སྒོ་འབྱེད་ཀྱི་བརྗེ་སྤེལ་སྔར་བས་ཇེ་རྒྱས་སུ་བཏང་སྟེ། ས་གནས་སུ་ཁྱབ་འགྱེད་ཐོག་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་ལ་སྐུལ་འཁྲིད་བྱེད་ཐུབ་ཆེད།  ད་ལོའི་བོད་ལུགས་ས་གདན་སྐོར་སྐྱོད་འགྲེམས་སྟོན་བྱས་པ་རེད།

ཟླ6པའི་ཚེས10ཉིན། འཚོགས་ཡུན་ཉིན་3རིང་གི 2018ལོའི་ཀྲུང་གོའི(མཚོ་སྔོན)བོད་ལུགས་ས་གདན་རྒྱལ་སྤྱིའི་འགྲེམས་ཚོགས་དེ་ཡུལ་ཤུལ་དུ་བསྐྱོད་དེ་སྐོར་འགྲེམས་བྱས་ཤིང་། དེས་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་རྣམས་ལ་ཡུལ་ཤུལ་ག་འདྲ་ཞིག་ཡིན་པ་ཤེས་སུ་བཅུག་པར་མ་ཟད།  ཡུལ་ཤུལ་གྱི་ཐུན་མིན་རིག་གནས་ཐོན་ལས་དབྱར་མཚོ་བཞིན་རྒྱས་པའི་སྟོབས་ལྡན་གྱི་རྩ་ལག་ལ་མངོན་སུམ་མྱོང་དུ་བཅུག    བོད་ལུགས་ས་གདན་འགྲེམས་སྟོན་གྱི་རླུང་གཞོན་ལ་བཅིབས་ནས། རང་རེའི་ཞིང་ཆེན་གྱི་སྲོལ་རྒྱུན་རིག་གནས་དང་སྤུས་ལེགས་ཐོན་རྫས་དག་གནས་འདི་ནས་རྒྱལ་ཡོངས་དང་འཛམ་གླིང་གི་ཕྱོགས་སུ་འཕུར་བསྐྱོད་བྱེད་པའི་མགོ་བརྩམས་པ་རེད།

ཟླ6པའི་ཚེས16ཉིན། 2018ལོའི་ཀྲུང་གོའི་བོད་ལུགས་ས་གདན་རྒྱལ་སྤྱིའི་འགྲེམས་ཚོགས་དེ་ཐོག་དང་པོར་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་བསྐྱོད་ཅིང་། ཚོགས་ཡུན་ཉིན་གསུམ་རིང་། ལག་འཐག་བོད་ལུགས་ས་གདན་དང་། བོད་ལུགས་རྒྱབ་ཁུག  བོད་ལུགས་ཀྱི་ལུག་བལ་འབོལ་གདན། ནོར་ཁུལ་གྱི་ཁུག་མ།  བོད་སྤུས་སོགས་ཁྱད་ཆོས་ཅན་གྱི་ལག་ཤེས་ཐོན་རྫས་རིགས་བརྒྱ་ཕྲག་དུ་མ་འགྲེམས་སྟོན་གྱི་ཡངས་པའི་སྡིངས་ཆར་བུད་དེ།  འཛམ་གླིང་དང་ངོ་འཕྲད་དེ་ཕན་ཚུན་བར་སློབ་སྦྱོང་འབྲེལ་འདྲིས་བགྱིས་ཤིང་།  འོས་སྦྱོར་བརྒྱུད་ཁྲོམ་རའི་རྒྱ་ཡངས་པོར་བསྐྱེད་པ་རེད།

འདི་ནི་མཚོ་སྔོན་གྱི་ཆེས་བཟང་པོའི་དུས་ཚིགས་ཤིག་ཡིན།  སྐོར་འགྲེམས་ཀྱི་རྣམ་པས་ཞིང་ཆེན་ཕྱི་ནང་དང་། རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་རྣམས་ལ་རབ་མཛེས་མཚོ་སྔོན་གྱི་རང་བྱུང་དང་རྩོལ་བྱུང་གི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ལ་སྔར་ལས་ངོས་ཟིན་དང་། བོད་ལུགས་ས་གདན་གྱིས་ཁུར་དུ་ཐེག་པའི་མི་རིགས་ས་ཁུལ་གྱི་རིག་གནས་ཕུན་སུམ་ཚོགས་པར་ཤེས་རྟོགས་བྱེད་དུ་བཅུག་ཡོད།  དེ་དང་ཆབས་ཅིག  ཡུལ་ཤུལ་དང་མགོ་ལོག་ས་ཁུལ་གྱི་བོད་ལུགས་ས་གདན་སོགས་མི་རིགས་ཀྱི་ཐུན་མིན་ལག་ཤེས་བཟོ་རྩལ་ལས་བྱུང་བའི་ཐོན་རྫས་མང་པོ་འོས་སྦྱོར་ལ་བརྟེན་ནས་ས་གནས་དེའི་མཚན་སྙན་ཕྱི་ཕྱོགས་སུ་གྲགས་པ་རྒྱས་ཤིང་། ཕྱི་ཕྱོགས་ཀྱི་དཔལ་འབྱོར་ཉོ་ཚོང་བར་བརྗེ་སྤེལ་དང་མཉམ་ལས་ཐུབ་པར་སྦྲེལ་ཟམ་བཙུགས་པ་རེད།

གཞན་ཡང་བོད་ལུགས་ས་གདན་འགྲེམས་ཚོགས་ཀྱི་སྐབས་སུ་སྐུ་མགྲོན་གཙོ་བོ་ཕ་ཁི་སི་ཐན་དང་། ཤན་ཅིང་ཞིང་ཆེན་སོགས་ཀྱི་བྱེད་སྒོ་སྤེལ་ཏེ།  “ཁུལ་གཅིག་ལམ་གཅིག”འཛུགས་སྐྲུན་གོ་རིམ་དེའི་ཁྲོད་ཧུར་གྱིས་བཅུག་ཡོད། འདི་ལྟ་བུའི་བཀོད་སྒྲིག་ནི་མཚོ་སྔོན་གྱིས“ཁུལ་གཅིག་ལམ་གཅིག”རྒྱུད་ཀྱི་རྒྱལ་ཁབ་དང་ས་ཁུལ་དབར་གྱི་མཉམ་ལས་ལ་སྔར་བས་ཤུགས་སྣོན་པའི་བྱེ་བྲག་གི་མཚོན་སྟངས་ཤིག་ཡིན་ལ།  བོད་ལུགས་ས་གདན་འགྲེམས་ཚོགས་ཀྱི་སྡིངས་ཆ་འདི་བེད་སྤྱད་དེ། རྩོལ་བྱུང་རིག་གནས་བར་འབྲེལ་འདྲིས་ཟབ་མོ་བྱས་ནས་དངོས་སྒྲུབ་མཉམ་ལས་ཐོག  ཕན་ཚུན་བར་གྱི་མཛའ་བརྩེ་དང་དཔལ་འབྱོར་ཉོ་ཚོང་བར་གྱི་འབྲེལ་འདྲིས་ལ་སྐུལ་སྤེལ་བྱེད་པའི་ཐབས་ལམ་ཕན་ནུས་ལྡན་པ་ཞིག་ཀྱང་ཡིན།

བོད་ལུགས་ས་གདན་འགྲེམས་ཚོགས་ཏེ་འཚེ་མེད་དར་རྒྱས་ཀྱི་རུ་མ།

ལོ་ངོ་ཁྲི་སྟོང་མང་པོའི་ཚུན་ལ། ཐུན་མིན་གྱི་མཚར་སྡུག་ཉར་བའི་ས་གདན་ནི་ཐོག་མར་ཇུས་འགོད་པས་འགྲན་ཟླ་བྲལ་བའི་ཇུས་འགོད་དང་གསར་གཏོད་ལ་བརྟེན་ནས་བྱུང་བ་ཡིན།  དེ་ནི་གསར་གཏོད་ཀྱི་བསམ་བློ་དང་ས་གནས་རིག་གནས་གཉིས་ཟུང་འབྲེལ་དང་། ཐོན་ལས་ཀྱི་ནང་དོན་དང་རྣམ་པ་གཉིས་ཟུང་འབྲེལ།  འཚོ་བའི་ཆ་ཤས་དང་སྒྱུ་རྩལ་གྱི་མཛེས་དཔྱོད་གཉིས་ཟུང་འབྲེལ་བྱས་ཁར། ལོ་རྒྱུས་རིག་གནས་དང་།  དུས་རབས་ཀྱི་ཁྱད་ཆོས།  ས་ཁོངས་དེའི་གོམས་གཤིས་སོགས་མངའ་བའི་ཕུལ་བྱུང་བརྩམས་ཆས་ཡིན་ལ། དེས་ཁྲོམ་རའི་དགོས་མཁོ་ཕུན་སུམ་ཚོགས་པར་བཏང་སྟེ།  རིམ་པ་མཐོ་ཤོས་དང་རང་གཤིས་ཅན་གྱི་འཛད་སྤྱོད་དགོས་མཁོ་བར་མ་ཆད་པར་བསྐངས་པ་མ་ཟད།  ས་གདན་གྱི་ཐོན་སྐྱེད་མཁན་ལ་རིན་ཐང་བསྐྲུན་ཞིང་ཐོན་ལས་གོང་སྤེལ་ལ་སྒུལ་ཤུགས་བསྩལ།  དོན་སྙིང་འདི་འདྲ་ཞིག་ནས་གླེང་ཚེ།  ཇུས་འགོད་དང་གསར་གཏོད་ནི་ས་གདན་ཐོན་ལས་སྐྱོན་དང་བྲལ་བའི་སྒོ་ནས་རྒྱུན་མཐུད་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་ཆེན་པོ་དེ་རེད།

2018ལོའི་ཀྲུང་གོའི་མཚོ་སྔོན་བོད་ལུགས་ས་གདན་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་སུ་སྤེལ་བའི། འཛམ་གླིང་ཧྲིལ་པོའི་ས་གདན་ཆེད་ལས་གླེང་སྟེགས་དང་ཇུས་འགོད་པའི་མཚན་མོ་ཞེས་པའི་བྱེད་སྒོའི་ཐོག  ང་ཚོས་ལག་ཤེས་འཐག་བསླེ་ཡི་འབྱུང་འགྱུར་འཕེལ་རྒྱས་ཀྱི་གོ་སྐབས་དང་ཁ་ཕྱོགས་ཧ་ལམ་མཐོང་སྲིད།

ཧི་ནན་ཞིང་ཆེན་བཟོ་རྩལ་མཛེས་རྩལ་མཁས་ཅན་སྐུ་ཞབས་ཀྲོའུ་ཐིན་ལན་གྱིས་བལྟས་ན།  བཟོ་ལས་ཅན་དང་། རིག་གནས་ཅན། དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་བྱེད་པའི་ཁྲོད། སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ལ་ཉེན་ཁ་བཟོས་མྱོང་། དེ་ནི་དུས་རབས18པར་ཡོ་རོབ་གླིང་གི་གནས་ཚུལ་དང་ཧ་ཅང་མཚུངས།  དེ་དུས་བཟོ་ལས་འཕྲུལ་ཆས་ཅན་དུ་འགྱུར་བའི་ཐོན་སྐྱེད་ཀྱི་ཉེན་ཁའི་འོག   སྲོལ་རྒྱུན་གྱི་ཡོ་རོབ་ལག་རྩལ་བཟོ་རྩལ་དེ་རིམ་བཞིན་ཉམས་རྒུད་དུ་གྱུར་བར་བརྟེན།  1859ལོར་དབྱིན་ཇིའི་གླིང་ཕྲན་གསུམ་ནས“བཟོ་ལས་སྒྱུ་རྩལ་གྱི་ལསའགུལ”ལངས་པ་རེད།

རྐྱེན་དེ་ལ་བརྟེན་ནས་དུས་རབས20པར་འཇར་པན་དུ“དམངས་ཀྱི་སྒྱུ་རྩལ”གསར་བརྗེ་བྱུང་ནས་ད་གཟོད་བཟོ་རྩལ་དང་མཛེས་རྩལ་གོང་སྤེལ་གྱི་མཐོ་རླབས་ཤིག་བསུ་ཐུབ་པ་བྱུང་།  ད་སྔ་ཀྲུང་གོ་བའི་འཚོ་བའི་ཆུ་ཚད་ཇེ་མཐོར་སོང་བ་དང་བསྟུན་ནས། མཐོ་རིམ་སྤུས་ལེགས་ལག་ཤེས་ས་གདན་དེ་རིམ་བཞིན་སྡོད་དམངས་དཀྱུས་མས་བཀོལ་སྤྱོད་བྱེད་ཀྱི་ཡོད་ལ།   སྔོན་ཆད་སུས་ཀྱང་མི་ཤེས་པའི་སྤུས་ལེགས་སེ་ཤན་ཡང་མི་རྣམས་ཀྱིས་ཉོ་སྒྲུབ་བྱེད་འགོ་བརྩམས།  སྣང་ཚུལ་འདིས་ས་གདན་ལས་རིགས་ལ་མི་མངོན་པའི་སྟོབས་ཤུགས་མངའ་བ་ངང་གིས་རྟོགས་ཐུབ།

ཨ་རིའི《གྲོང་ཁྱེར་ཆེན་མོ》ཞེས་པའི་གཙོ་སྒྲིག་པ།  མིང་དུ་གྲགས་པའི་ཇུས་འགོད་མཁན་སུའུ་ཧྲན·ཙེ་ནཱ་ཞིས་འདི་སྐད།  མི་ཚང་མས་བདེ་ཐང་ལ་མི་གནོད་པའི་རྒྱུ་ཆ་ལ་ཧ་ཅང་མཐོང་ཆེན་བྱེད། ད་སྔ་ཇུས་འགོད་པ་མང་ཤོས་ཀྱིས་རྣམ་གྲངས་བཅུ་ཕྲག་རིགས་ལ་ཚོད་ལྟ་བྱས་པའི་ཁྲོད་ནས་རྣམ་གྲངས་གཅིག་གམ་ཡང་ན་དུ་མ་འདེམས་ནས་ཁང་པའི་ནང་གི་ཁོར་ཡུག་ལ་ཚད་འཇལ་བྱེད་ཀྱི་ཡོད། ཡིན་ན་ཡང་ཇུས་འགོད་པས། གལ་ཏེ་བདེ་ཐང་ལ་མི་གནོད་པའི་ཁང་པའི་ཕྱི་ནང་ཉིས་ཆའི་ཁོར་ཡུག་ཅིག་བསྐྲུན་དགོས་ན། ཇུས་འགོད་པ་དང་། བཟོ་བསྐྲུན་ཁེ་ལས།  སྲིད་ཇུས་གཏན་འབེབས་མཁན། ཚན་རིག་པ། སྐུ་མགྲོན། མང་ཚོགས་རྣམས་ཀྱིས་གནོད་མེད་རྒྱུ་ཆའི་ཐད་ནས་མཉམ་ལས་དམ་པོ་བྱེད་དགོས་པ་ཡིན་ཟེར།

སྐྱོན་བྲལ་དང་ཁོར་སྲུང་། བདེ་ཐང་ལ་སོགས་ད་ལྟའི་ཆར་གནད་འགག་ཏུ་གྱུར་བའི་ཐ་སྙད་འདི་རིགས་ཇེ་མང་ནས་ཇེ་མང་དུ་འགྲོ་ཚུལ་འཛད་སྤྱོད་པས་ངེས་ལེན་ཀྱིན་ཡོད། རང་བྱུང་གི་ལྷད་མེད་རྒྱུ་ཆ་དང་། སྐྱེ་དངོས་ཀྱི་ཚོན་བྱུག    ལག་ཤེས་བོད་ལུགས་ས་གདན་བཅས་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་ཞིག་ལ་འཕྲད་བཞིན་ཡོད་པ་འདི་ནི་ལག་ཤེས་ས་གདན་འབྱུང་འགྱུར་གྱི་འཕེལ་ཕྱོགས་ཤིག་ཡིན་ངེས་ཀྱང་།  དེ་ལ་ཡག་ཐོག་ཡག་བརྩེགས་ཀྱི་དེང་རབས་ཀྱི་བཟོ་པ་དགོས་ལ། སྤུས་ལེགས་ཐོན་རྫས་ཀྱིས་ཁྲོམ་ར་འཛིན་དགོས་ན་ཁེ་ལས་ཀྱིས་གསར་གཏོད་དང་སྤུས་ཚད་ལ་བརྟེན་ནས་མཚན་སྙན་བསྐྲུན་དགོས་པ་ཡིན་ཟེར།

ལོ་ཙཱ་བ། ཁོན་ཐར་འཚོ།