བྱེ་འགོག་སྡོང་འཛུགས་དེ་མང་རའི་བྱེ་སྣ་མང་ཚོགས་ཀྱི་ཕུགས་རེ་ཞིག་ཏུ་གྱུར་ཡོད།

    

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། མུ་མེད་བྱེ་ཐང་འདི་ན་ལྗང་ལོ་དབེན། །བྱེ་ཟེགས་ཕྱོགས་སུ་མཆེད་པས་སྐྱ་ཐལ་ལེ། ། འདི་ནི་སྔོན་ཆད་ཀྱི་བྱེ་སྣའི་སྣང་ཚུལ་དངོས་རེད།

མང་རའི་བྱེ་སྣ་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་རྫོང་གི་མུ་གེ་ཐང་བྱེ་ཁུལ་དེ་ཤར་ལྷོའི་ཕྱོགས་སུ་བསྲིངས་པའི་མགོའམ་སྣེ་མོ་ཡིན་ཞིང་། ལྷོ་བྱང་གི་རིང་ཚད་ལ་ཧ་ལམ་ལེ་དབར20དང་། ཤར་ནུབ་ཀྱི་ཞེང་ཚད་ལ་ཧ་ལམ་ལེ་དབར3.5ཡོད། སྤྱིའི་རྒྱ་ཁྱོན་སྤྱི་ཆིང་ཁྲི0.6ལྷག་ཡོད། དུས་རབས་སྔོན་མའི་དུས་དཀྱིལ་ནས་བཟུང་།  མུ་མེད་ཐང་རྒོད་ཀྱི་བྱེ་སྣ་དེ་འདོད་རྔམ་ཆེན་པོའི་ངང་ཉེ་འཁོར་གྱི་གཞུང་ལམ་དང་གྲོང་གསེབ་ཏུ་གཡོས་ཏེ། ས་ཞིང་ཁྱུར་མིད་བཏང་ཞིང་དུད་ཁྱིམ་རི་ལ་བསྐྲད། ལོ་རེར་སྨི5ནས15ཡི་མྱུར་ཚད་ཀྱིས་ཤར་ལྷོའི་ཕྱོགས་སུ་རྒྱ་བསྐྱེད་དེ། ལོ་གཅིག་གི་ནང་རྩྭ་ས་དང་ཞིང་ས་སྤྱི་ཆིང200རིམ་བཞིན་བསྣུབས། དེ་ནི་མུ་གེ་ཐང་དང་བྱེ་སྣའི་བྱེ་འགྱུར་གྱི་སྣང་ཚུལ་ཡིན་ཞིང་།    སྐབས་དེར་འབྲོག་པ་ལ་ལས་འཚོ་བའི་ཆེད་དུ་རུ་བ་རི་སྐེད་དུ་མི་སྤར་ཐབས་མེད་བྱུང་ཞིང་། མཐའ་མེད་བྱེ་འགྱུར་གྱི་བར་གསེང་ཀུན་ཏུ་སྨྲེ་སྔགས་དང་སྐྱོ་སྡུག་གིས་ཁེངས་ཡོད།

ཉེན་ཁ་བཙན་པོ་དེས“བྱེ་མས་མི་སྐྲོད”ཀྱི་སྣང་ཚུལ་ཛ་དྲག་ཏུ་གྱུར་ནས“བྱེ་འགོག་བྱེ་བཅོས་ཀྱི་འཐབ་རྩོད”མི་སློང་རང་སློང་དུ་གྱུར།

1996ལོ་ནས་བཟུང་སྟེ།  མང་རྫོང་གིས་བྱེ་སྣ་དང་མུ་གེ་ཐང་ཉེ་འཁོར་གྱི་བྱེ་འགོག་བྱེ་བཅོས་སུ་ནགས་འདེབས་རྒྱུ་དེ། རྫོང་ཧྲིལ་པོའི་བྱེ་འགྱུར་འགོག་བཅོས་ཀྱི་མངའ་ཁོངས་ཧྲིལ་པོའི་ལས་ཀུན་གྱི་འགངས་ཆེན་དུ་བརྩིས་ཤིང་། བྱེ་སྣའི་ལས་དབང་ཡང་དུས་དེ་བཟུང་བསྒྱུར་བའི་སྒོ་འཕར་ཕྱེས།ཐོག་མའི་མི་གཅིག་དང་སྦྱག་མ་གཅིག  ལག་འཐེན་འཁོར་ལོ་བཅས་ཀྱི་རྡུང་གཅོག་འདྲུད་གསུམ་གྱི་བྱེ་འགོག་རྣམ་པ་དེ་དང་། དུས་ད་ལྟའི་ཆེད་ལས་ཅན་དང་ཚན་རིག་ཅན་གྱི་བྱེ་བཅོས་ནགས་འདེབས་དབར་དུ་བྱེ་མའི་ཀློང་ཆེན་མོ་དེ་ལ་རིམ་གྱིས“ལྗང་མདོག”གི་འདབ་ལོ་སྨིན།

ལོ་རེའི་ནགས་འདེབས་ཀྱི་དུས་སུ་བབས་མ་ཐག   ལས་བྱེད་མང་ཚོགས་དང་། དམག་མི་དང་ཡུལ་དམག   གྲྭ་བཙུན་དང་དགེ་སློབ་ལ་སོགས་མི་འབོར་ཁྲི་མ་འབུམ་བྱེ་སྣར་འཛོམས་ཏེ།སྡོང་ཕྲུག་རྐང་རེ་ཡི་ས་བོན་གཏོར་ནས་བྱེ་སྣའི་རྗེན་མའི་ལུས་ལ་གོས་ལྗང་གི་ན་བཟའ་བསྒྲོན།

“སྔོན་ཆད་ང་ཚོས་ས་ཞིང་དང་འཚོ་གནས་ཀྱི་ཕྱིར་བྱེ་མ་དང་འགྲན་ཡ་བཟུང་།  ད་ནི་བྱེ་མ་ལས་སྣོད་བཅུད་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་རིན་ཐང་སློང་བ་ཡིན། བྱེ་བྲག་གི་བྱེ་ས་ཁག་གི་སྣོད་བཅུད་ཇེ་ལེགས་སུ་སོང་བ་ཅུང་མངོན་གསལ་ཡིན་པས། མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་། འཚོ་གནས་ཆ་རྐྱེན་ཇེ་བཟང་དུ་གྱུར།”  ཞེས་མང་ཚོང་ཁོར་སྲུང་ནགས་ལས་ཅུས་ཀྱི་ཅུས་ཀྲང་རིག་འཛིན་གྱིས་དེ་སྐད་བརྗོད་བྱུང་།  

སྡོང་རྐང་རེ་རེ་འཛུགས་པ་ནི་བྱེ་འགྱུར་ལ་འཐབ་རྩོད་བྱེད་པའི་འཐབ་ཇུས་ཡིན་ལ། བྱེ་ས་བཅོས་ཐེངས་རེ་རེ་ནི་རི་ཆུ་སྔོ་ཞིང་དྭངས་པའི་ཕུགས་འདུན་དང་བར་ཐག་ཇེ་ཉེ་ཡིན།

མི་མང་པོ་ཞིག་ལ་མཚོན་ན། ནེམ་ཤ་དོད་པའི་ལྗང་ལོ་ནི་མིག་མདུན་དུ་མངོན་ཡང་སྣང་མེད་ཚོར་མེད་དུ་འགྱུར་འགྲོ་ཡང་། བྱེ་ཁུལ་ལ་མཚོན་ན་དེ་ནི་ཐོབ་དཀའ་བའི་ལེགས་སྐྱེས་བཟང་པོ་ཞིག་དང་འཚོལ་དཀའ་བའི་རྒྱུ་ནོར་ཉག་ཅིག་ཡིན། ལྷག་པར་མང་རྫོང་གི་བྱེ་འགོག་མཁན་རྒད་པོ་རྣམས་ཀྱིས་བྱེ་འགོག་དང་སྡོང་འཛུགས་ནི་རང་གི་ཕུགས་རེ་ཞིག་ཏུ་བརྩིས་ཡོད།

ལོ་ན72ལ་སོན་པའི་རྒད་པོ་འབུམ་སྐྱབས་ནི་རྒྱལ་ཡོངས་བྱེ་འགོག་བྱེ་བཅོས་ཀྱི་དཔེ་བཟང་ཡིན།  ལོ་བཅོ་ལྔའི་ནང་ལྷོད་ཡེངས་མེད་པར་དཀའ་བ་སྤྱད་དེ།  སྤྱི་ཆིང600ལྷག་ལ་སྡོང་ཕྲུག་བཙུགས་ནས་སྐྱ་སྡུག་སྔོ་ཆད་ཀྱི་བྱེ་ཁུལ་ལྗང་མདོག་ཏུ་བསྒྱུར།  “ཚེ་འདི་མ་རྫོགས་བར་དུ། བྱེ་འགོག་གི་ལས་ཀ་བསྐྱུར་མི་སྲིད།”ཞེས་པ་ནི་རྒད་པོ་འབུམ་སྐྱབས་གྱི་ཆོད་སེམས་ཡིན་པར་མ་ཟད།  བྱེ་འགོག་བྱེ་བཅོས་བྱེད་མཁན་མང་པོ་ཞིག་གི་ཕུགས་འདུན་ཡང་ཅི་ལ་མིན།

བྱེ་ས་འདི་རིན་ཆེན་གསེར་ལྟར་རློམ་བཞིན་བློ་ཐག་རྦད་ཆོད་ཀྱིས་དེ་ལ་ཕན་འདོགས་མཁན་མི་ཡང་ཡོད་དེ།  2015ལོ་ནས་བཟུང་ལོ་ངོ20རིང་ལ་འོས་འགན་སྡོང་འཛུགས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པའི་ཧུང་ཧྲེང་ཧོང་གིས་ནང་མི་འཁྲིད་དེ་ཕ་ཡུལ་སྐུ་འབུམ་དང་ཁ་གྱེས་ནས་མང་རྫོང་གི་བྱེ་སྣར་ཡོང་བ་དང་། “ལྗང་མདོག་གི་ལྕགས་རི་རིང་པོ”བསྐྲུན་པར་རྔུལ་ཁྲག་ཅི་རིགས་གཏོར། ཁོས་མ་དངུལ་སྒོར་ས་ཡ་ལྷག་བསྡུ་རུབ་བྱས་ཐོག  ཡུལ་དེའི་མང་ཚོགས3000ལྷག་རྩ་འཛུགས་བྱས་ནས་སྡོང་འཛུགས་ནགས་འདེབས་ཀྱི་རུ་དཔུང་བཙུགས་པ་དང་།   སྐྱ་ཐང་ཐང་གི་བྱེ་སར་རིན་དོད་མེད་པར་སྤྱི་ཆིང66ལ་སྡོང་ཕྲུག་འདྲ་མིན་འབུམ་གཅིག་དང་ཁྲི་དྲུག་བཙུགས།  ཁོའི་བྱ་སྤྱོད་དེས་མང་རྫོང་གི་བྱེ་འགོག་བྱེ་བཅོས་ལ་གསོན་ཤུགས་གསར་པ་བསྣན་པར་མ་ཟད། ཡུལ་དེའི་རོང་འབྲོག་མང་ཚོགས་དབུལ་ཐར་ཕྱུག་འགྱུར་ལ་མཐུན་རྐྱེན་བཟང་པོ་ཡང་བསྐྲུན། ལོ་ངོ་ཉི་ཤུ་རིང་གི་ཨུ་ཚུགས་མཐར་སྐྱེལ་དང་། རྒྱལ་ཁོངས་ས་ཞིང་ལྗང་སྒྱུར་གྱི་ལས་དང་པོར་ཞུགས་ནས་བྱེ་འགོག་གི་ལས་ག་འདྲ་དཀའ་ངལ་ཆེ་ཡང་། སྡོང་འཛུགས་ལྗང་སྒྱུར་གྱི་ལས་དེ་ཁོའི་ཚེ་སྲོག་གི་ཟབ་སར་སྨིན་པའི་ཁ་དོག་ཏུ་གྱུར།

2017ལོར།  མང་རྫོང་གི་མང་ཆུ་དང་། ས་ཁུག  མགོ་མང་། མང་ར་སོགས་ཤང་དང་གྲོང་རྡལ་བཞིས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་ཡར་སྐུལ་བྱས་ནས་མུ་གེ་ཐང་དང་། ལུང་དབྱང་འགག་གི་ཆུ་མཛོད་ཆགས་ཁུལ་ལ་སོགས་ཀྱི་བྱེ་ཁུལ་དུ་ལྗང་སྒྱུར་བྱེ་འགོག་གི་སྡོང་འཛུགས་བྱེད་སྒོ་ཤུགས་ཀྱིས་སྤེལ་ཞིང་། ལས་དེར་ཞུགས་མཁན་སྔ་གཞུག་ཏུ་མི་འབོར་ཁྲི3ཟིན་པ་དང་། མ་དངུལ་ས་ཡ་གཉིས་བཏང་ལ། ་ཁྱོན་བསྡོམས་སྡོང་ཕྲུག་ས་ཡ་གཉིས་དང་འབུམ་གསུམ་ལྷག་བཙུགས།  སྡོང་འཛུགས་འདིའི་སྐོར་གྱི་གྲོན་དངུལ་ཡོངས་ཤང་དང་གྲོང་རྡལ་སོ་སོའི་མང་ཚོགས་ནས་བསྡུ་རུབ་ཀྱིས་ཐག་བཅད་པ་ཡིན་པས།  མི་སེམས་འགུལ་བའི་བྱེ་འགོག་གི་སྣང་ཚུལ་འདི་དག་གིས་བྱེ་སའི་ལས་དབང་བསྒྱུར་བ་མ་ཟད། བྱེ་འགྱུར་དང་འཐབ་རྩོད་ཐུབ་པའི་སྙིང་སྟོབས་ཀྱང་བཅོས་མིན་དུ་མཚོན།

བྱེ་ཁུལ་འདི་ན་ནམ་ཡང་ངོ་མཚར་བའི་གཏམ་རྒྱུད་ཡོད།  1996ལོར་གོང་རིམ་ནས་བཀའ་ཆེན་པོ་བསྒྲགས་ཐོག་བྱེ་འགོག་གི་འཐབ་རྩོད་དེ་མུར་བསླངས། 2006ལོ་ནས་བཟུང་སྟེ་བྱེ་སྣར་དམག་དམངས་མཉམ་རུབ་ཀྱིས་རི་ཀླུང་ཐང་སྟོང་མལ་དུ་བཅོས་ནས་སྡོང་འཛུགས་ཀྱི་ཡོ་ལང་རྣམ་པ་བཤམས་ཤིང་།  མཉམ་གཅིག་ཏུ་ས་མུའུ་ཁྲི་ཕྲག་ཏུ་སྣོད་བཅུད་ནགས་ཚལ་དང་། ལང་མཚོའི་ནགས་ཚལ་སོགས་སུ་བསྒྱུར།  དེ་ནས་ད་ལྟའི་ཆར་འབུམ་སྐྱབས་དང་ཧུང་ཧྲེང་ཧོང་ལྟ་བུའི་བྱེ་འགོག་བྱེ་བཅོས་མཁན་བགྲང་ལས་འདས་པ་ཞིག་གིས་ལས་རྒྱུན་མ་ལྷོད་པར་སྲུང་སྐྱོང་ཡག་པོ་བྱས་མཐར།  སྔོན་ཆད་ལེ་དབར་བཅུ་ཕྲག་བར་དུ་རྩྭ་རྐང་གཅིག་ཀྱང་མཐོང་རྒྱུ་མེད་པའི་སར་གླ་ཚེར་དང་། འོམ་བུ། གཡར་སྡོང་ལ་སོགས་པའི་ནགས་ཤིང་མང་པོས་ཡོངས་སུ་ཁེབས་ཡོད་པས། ད་ལྟའི་ཆར་གྱི་བྱེ་སྣ་ལ་གསོན་ཤུགས་ཀྱིས་ཡོངས་སུ་ཕྱུག་ཡོད།

ལོ་ཙཱ་བ། ཁོན་ཐར་འཚོ།