ཡུལ་ཤུལ་ཆུ་དམར་ལེབ་རྫོང་གིས་སྲུང་སྐྱེལ་རུ་ཤོག་བཙུགས་ཏེ། ཉིན་ཉེར་དགུའི་ནང་བོད་གཙོད་སྟོང་ཕྲག་ལྔ་ནས་དྲུག་ལྷག་ཨ་ཆེན་གངས་རྒྱབ་ཏུ་བདེ་བར་བསྐྱལ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ6པའི་ཚེས20ཉིན་ལ། རྨ་འབྲི་རྫ་གསུམ་འགོ་ཁུངས་རྒྱལ་ཁབ་སྤྱི་གླིང་ས་ཁོངས་སུ་ཆགས་པའི་ཆུ་དམར་ལེབ་རྫོང་དོ་དམ་ཁྲུའུ་ནས་གནས་ཚུལ་སྤེལ་བ་ལྟར་ན།  དོ་དམ་ཁྲུའུ་དེས་ཨ་ཆེན་གངས་རྒྱབ་འཛམ་གླིང་རང་བྱུང་གནས་ཤུལ་ལྟེ་གནས་ཁུལ་ཁོངས་སུ། ཆུ་དམར་ལེབ་ལེགས་ཁྲི་གྲོང་ཚོ་ནས་བོད་གཙོད་གནས་སྤོ་སྐྱེལ་སྲུང་རུ་ཁག་ཞིག་བཙུགས་ཏེ་ཐོག་མའི་སྐྱེལ་སྲུང་གི་ལས་འགན་བདེ་བླག་ངང་ལེགས་འགྲུབ་བྱུང་ལ།  གཙོད་སྟོང་ཕྲག་བདེ་བླག་ངང་ཆུ་དམར་ལེབ་རྫོང་གི་མངའ་ཁོངས་ནས་ཨ་ཆེན་གངས་རྒྱབ་ཏུ་བསྐྱལ་བ་རེད།

ཟླ5པར་སླེབས་པ་ན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་འབྲི་ཆུའི་མངའ་ཁུལ་དུ་ཆགས་པའི་ཆུ་དམར་ལེབ་ཀྱི་ལི་ཁྲིའི་རྩྭ་ཐང་ནི་རིམ་བཞིན་ལྗང་མདོག་ཤིག་ཤིག་ཏུ་གྱུར་ལ།  གཙོད་ཕྲུག་སྦྲུམ་ནས་ཟླ་བ་དྲུག་བདུན་ཙམ་སོང་བས།  ལི་ཁྲིའི་རྩྭ་ཐང་གི་སྣོད་བཅུད་ལྟ་སྐྱོང་བ་རྣམས་ཀྱི་འགན་འཁུར་ཇེ་ལྕིར་སོང་། དེའི་རྒྱུ་མཚན་ནི་ཁོ་ཚོའི་མཐའ་འཁོར་ན་གཙོད་མ་སྟོང་ཕྲག་འགའ་འདུས་ཡོད་པས་རེད།  

གྲངས་འབོར་མང་བའི་གཙོད་མ་བསྡུ་ན་བྱང་ཕྱོགས་ཀྱི་ཨ་ཆེན་གངས་རྒྱབ་ཀྱི་ལྟེ་བར་བསྐྱོད་དགོས་པ་ཡིན། གནས་ཚུལ་འདི་རྟོགས་རྗེས།  ཆུ་དམར་ཤང་ལི་ཁྲི་གྲོང་ཚོའི་སྣོད་བཅུད་ལྟ་སྐྱོང་བ་མང་ཤོས་ཀྱི་བསམ་འཆར་ལྟར།  བོད་གཙོད་སྐྱེལ་སྲུང་རུ་ཁག་ཅིག་བཙུགས་ནས་གཙོད་ཁྱུ་ཨ་ཆེན་གངས་རྒྱབ་ཏུ་སྐྱེལ་སྲུང་བྱ་རྒྱུ་ཐག་བཅད།

མི་སྤྱིར་བཏང་བ་ཞིག་གིས་བལྟས་ཡོང་ན། བསམ་ཚུལ་དེ་ཅུང་གླེན་རྟགས་རེད་སྙམ་མོད།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་མངའ་ཁོངས་ཀྱི་ཆུ་དམར་ལེབ་དོ་དམ་ཁྲུའུ་ལ་བསམ་ཚུལ་དེ་བཏོན་པ་ན།  དོ་དམ་ཁྲུའུ་ནས་སྣོད་བཅུད་སྲུང་སྐྱོང་དང་རང་བྱུང་ཐོན་ཁུངས་དོ་དམ་ཅུས། ནགས་ལས་སྤྱི་བདེ་ཅུས་བཅས་ཀྱིས་སྣེ་འཁྲིད་དེ།  ལི་ཁྲི་གྲོང་ཚོའི་སྣོད་བཅུད་ལྟ་སྐྱོང་བ40སྒྲིག་འཛུགས་བྱས་ནས་སྲུང་སྐྱེལ་རུ་ཁག་འཛུགས་རྒྱུ་ཐག་བཅད། རུ་ཁག་འདི་ཐོག་མར་འཛུགས་དུས་གནད་དོན་མང་ཞིག་ལ་བསམ་གཞིགས་བཏང་མྱོང་། དཔེར་ན། སྔོན་ཆད་ཀྱི་གཙོད་གནས་སྤོ་སྲུང་སྐྱེལ་ལྟ་བུ་ཡིན་ན་གནས་གཏན་འཁེལ་དང་ལམ་ཐིག་གཏན་འཁེལ་ཐོག་སྐོར་ཞིབ་ལྟ་སྐྱོང་བྱེད་པ་ཡིན་པས།  གཙོད་ཀྱི་གནས་ཚུལ་ངོ་མ་དེ་ག་འདྲ་ཡིན་པ་གསལ་པོ་ཞིག་རྟོགས་ཐུབ་ཀྱིན་མེད།  སྐབས་ལ་ལར་གཙོད་དེ་དག་སྐོར་ཞིབ་བྱེད་ས་དེར་ཕྱིན་ནས་ཉིན་འགའ་ཟིན་ན་ཡང་། སྐོར་ཞིབ་ལྟ་སྐྱོང་བས་གང་སར་བཙལ་ཡང་མི་རྙེད་པའི་སྣང་ཚུལ་ཡང་འབྱུང་གི་ཡོད།  དེའི་རྐྱེན་གྱིས་ཕྱིར་རྩྭ་ཐང་དུ་ལོག་ནས་གཙོད་འཚོལ་པ་ཡིན་ཕྱིན། དུས་ཚོད་ཆུད་ཟོས་སུ་བཏང་བའི་མི་ཚད།  གྲོན་དངུལ་ཡང་མང་པོ་ཞིག་བེད་མེད་དུ་བརླགས་འགྲོ་བ་རེད། གཞན་གཙོད་ཀྱི་གནས་སྤོ་ལམ་ཐིག་དེ་རྒྱལ་ནང་མ་གཏོགས། རྒྱལ་སྤྱིའི་གཙོད་ཞིབ་འཇུག་སྲུང་སྐྱོང་གི་ལས་རིགས་ལ་མཚོན་ན་ཡང་གསང་བ་ཞིག་ཏུ་གྱུར་ཡོད། ཐེངས་འདིའི་སྲུང་སྐྱེལ་རུ་ཁག་འདིས་གཙོད་རྗེས་དེད་དེ་སྲུང་སྐྱོབ་བྱས་པས་གཙོད་གནས་སྤོ་སྐོར་གྱི་གསང་བ་བརྟོལ་བར་ཁ་གསབ་དང་ཡང་ན་ཚོད་ལྟ་ཕན་དང་ལྡན་པ་ཞིག་མཁོ་འདོན་བྱེད་ཐུབ་ཅེས་སྐལ་ཐར་གྱིས་བརྗོད་བྱུང་།

ཟླ5པའི་ཚེས20ཉིན། ཨ་ཆེན་གངས་རྒྱབ་འཛམ་གླིང་རང་བྱུང་གནས་ཤུལ་ལྟེ་གནས་ས་ཁོངས་སུ་ཆགས་པའི། ཆུ་དམར་ལེབ་ལི་ཁྲི་གྲོང་ཚོའི་གཙོད་གནས་སྤོ་སྲུང་སྐྱེལ་རུ་ཁག་གིས་འོས་འགན་ལག་བསྟར་གྱི་འགོ་བརྩམས།  གཙོད་གནས་སྤོ་ལྷོད་འཇགས་ཡོང་ཆེད། དོ་དམ་ཁྲུའུ་ཡི་ལྟ་སྐྱོང་བ་བཞི་བཅུ་བོ་དེ་ཚན་ཆུང་རེར་མི་ལྔ་བགོས་ཏེ་ཚན་ཆུང་བརྒྱད་བཙུགས་ཐོག  སོ་སོ་ནས་སྲུང་སྐྱེལ་གྱི་འོས་འགན་ལག་བསྟར་བྱས།  མཐོ་སྒང་གི་ན་དང་སྤང་ཐང་། ནེའུ་གསེང་སོགས་ས་གཤིས་མི་འདྲ་བར་བསྟུན་ཐུབ་ཆེད་འཕྲུལ་རྟ་བཞོན་ནས་འགྲོ་རྒྱུ་ཐག་བཅད། སྐལ་ཐར་གྱིས། ཟླ5པའི་ཚེས20ཉིན་ལམ་ལ་ཆས་ནས་བཟུང་ཉིན29རིང་ལ།  ཕར་ཚར་ལེ་དབར་བརྒྱ་ཕྲག་ལ་བསྐྱོད་མཐར།  ཟླ6པའི་ཚེས17ཉིན་གཙོད་སྟོང་ཕྲག་ལྔ་དྲུག་ཙམ་ཨ་ཆེན་གངས་རྒྱབ་ཀྱི་རང་བྱུང་སྲུང་ཁུལ་དུ་བདེ་བླག་ངང་བསྐྱལ་བ་རེད།

རུ་ཁག་གི་ལྟ་སྐྱོང་བ་ཞིག་གིས་སྐལ་ཐར་ལ།  ལི་ཁྲི་གྲོང་ཚོ་ནས་འདོ་ཕྱུག་གྲོང་ཚོར་སླེབས་རྗེས། ང་ཚོ་སྤྱང་ཀི་དང་འཕྲད།  མཚན་མོ་ཞིག་ལ། གཙོད་ཁྱུར་སྤྱང་ཀི་བརྒྱུགས་ནས་ཁ་འཐོར་དགུ་འཐོར་དུ་བཏང་། མཚན་མོའི་སྨུག་རུམ་ཁྲོད་ལྟ་སྐྱོང་བས་ག་ནས་མཐོང་ཐུབ།  ནམ་གསལ་རྗེས་ང་ཚོས་གཙོད་ཁྱུ་ནས་སྤྱང་ཀི་གསུམ་མཐོང་བས། དེ་མུར་སྣོད་བཅུད་ལྟ་སྐྱོང་བ་ཕྱོགས་གཅིག་ཏུ་བསྡུས་ནས་སྤྱང་ཀི་གཙོད་ཁྱུ་དང་བར་ཐག་རིང་བའི་ས་ཁོངས་སུ་བསྐྲད་པ་ཡིན། ང་ཚོས་ཉིན་གཅིག་གི་དུས་ཚོད་བེད་སྤྱད་དེ་ཡང་བསྐྱར་ཚན་ཆུང་ཁག་བགོས་ནས་བྱང་ཕྱོགས་སུ་ཆས་པ་ཡིན་ཟེར།

ལོ་ཙཱ་བ། ཁོན་ཐར་འཚོ།