མཐོ་སྒང་ན་གཞོན་གྱི་ལས་སྒོ་གསར་གཏོད་ལ་གྲུབ་འབྲས་སྨིན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ6པའི་ཚེས25ཉིན། ཀྲུང་གུང་གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་སྐབས་བཅུ་དགུ་པའི་ཚོང་མོལ་གྲོས་ཚོགས་ཀྱི་རིམ་བསྟར་བརྗོད་དོན་བྱ་འགུལ་མདོ་དབུས་མཐོ་སྒང་གི་ན་གཞོན་ལས་གཏོད་ལས་ཞུགས་ཀྱི་གྲུབ་འབྲས་འགྲེམས་སྟོན་གྲོས་ཚོགས་ཟི་ལིང་གྲོང་ཁྱེར་དུ་སྤེལ་པ་རེད། ཞིང་ཆེན་གཞན་པའི་སྐུ་མགྲོན་དང་ཚོང་བའི་འཐུས་ཚབ་པ། འགྲན་ཞུགས་མི་སྣ། དེ་མིན་ཁེ་ལས་ཚོགས་པའི་རྩ་འཛུགས་ཚོགས་པའི་ན་གཞོན་འཐུས་ཚབ་མི་སྣ400ལྷག་ཐེངས་འདིའི་གྲུབ་འབྲས་འགྲེམས་སྟོན་གྲོས་ཚོགས་ལ་ཟབ་ཞུགས་བྱས་ཡོད།

གྲུབ་འབྲས་འགྲེམས་སྟོན་དེ་གཙོ་བོ་སྐྱེ་དངོས་ཚན་རྩལ་དང་མཐོ་སྒང་གི་ཞིང་ལས་ཐོན་རྫས། རིག་གནས་གསར་གཏོད་ཐོན་རྫས། མཐོ་གསར་ལག་རྩལ། གློག་རྡུལ་ཚོང་དོན་སྟེགས་བུ། གློག་རྡུལ་ཐོན་རྫས་ཚད་ལེན་ཞིབ་བཤེར་བཅས་འགྲེམས་སྟོན་ཁུལ་མི་འདྲ་བ6ལྷག་བཀོལ་སྒྲིག་བྱས་ཡོད་ལ། ཁེ་ལས་མི་འདྲ་པ60ལྷག་གི་ཐོན་རྫས་རིགས་མི་འདྲ་པ300ལྷག་འགྲེམས་སྟོན་བྱས་ཡོད། སྐྱེ་དངོས་ཚན་རྩལ་འགྲེམས་སྟོན་ཁུལ་དུ་མདོ་དབུས་མཐོ་སྒང་གི་ཁྱད་ཆོས་ལྟར་ལས་སྣོན་བྱས་པའི་འཕང་འབྲས་ཀྱི་མཛེས་སྤྲས་བྱུགས་རྫས་སོགས་ཐོན་རྫས། མཐོ་སྒང་གི་ཞིང་ལས་ཐོན་རྫས་འགྲེམས་སྟོན་ཁུལ་དུ་མདོ་དབུས་མཐོ་སྒང་གི་ལྷད་མེད་སྤགས་བཙོག་ཐེབས་མེད་པའི་གྲོ་དང་སྔོ་ཚོད། ཤ་མོ་སེར་པོ་སོགས་ཐོན་རྫས་འགྲེམས་སྟོན་བྱས། རིག་གནས་གསར་གཏོད་ཐོན་རྫས་འགྲེམས་སྟོན་ཁུལ་དུ་མཚོ་སྔོན་ས་ཁུལ་གྱི་མི་རིགས་རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་ཐང་ཀ་དང་མ་ཎི་ལག་འཁོར། མི་རིགས་གྱོན་ཆས་སོགས་ཀྱི་ཐོན་རྫས་འགྲེམས་སྟོན་བྱས་ཡོད། མཐོ་གསར་ལག་རྩལ་འགྲེམས་སྟོན་ས་ཁུལ་དུ་མཚོ་སྔོན་གྱི་ཁྱད་ལྡན་ཐོན་ཁུངས་ཀྱི་ལག་རྩལ་གསར་པའི་ཞིབ་འཇུག་དང་གསར་སྤེལ་བྱས་པའི་ཕན་འབྲས་ཅན་གྱི་སི་ཐུ་ལེ་སྒུལ་འཁོར་འཕྲུལ་ཆས་ཀྱི་རྣམ་པ་ཅན་དང་། མཐོ་སྒང་གི་མིས་ཁ་ལོ་བསྒྱུར་མི་དགོས་པའི་འཕྲུལ་ཆས་སོགས་འགྲེམས་སྟོན་བྱས་ཡོད། གློག་རྡུལ་ཚོང་དོན་སྟེགས་བུའི་འགྲེམས་སྟོན་ཁུལ་དུ་མཐོ་དབུས་མཐོ་སྒང་གི་ན་གཞོན་ལས་གཏོད་པའི་ཐོན་རྫས་འགྲེམས་སྟོན་སྟེགས་བུ་དང་སུའུ་ཉེན་ཉོ་འཚོང་མཚོ་ལྷོ་ཁུལ་གྱི་ཁྱད་ལྡན་ཚོང་ཁང་སོགས་ཀྱི་སྟེགས་བུ་འགྲེམས་སྟོན་བྱས་ཡོད། གློག་རྡུལ་ཐོན་རྫས་ཉམས་ལེན་ཁུལ་དུ་མེ་ཏོག་གི་ཆང་དང་ཇ་བྲོ་བོ། གངས་རིའི་གྲུ་གཟེངས་རྟགས་མའི་ཤ་སྐམ་སོགས་ཀྱི་ཐོན་རྫས་འགྲེམས་སྟོན་བྱས་ཡོད།

རྒྱུས་ལོན་བྱུང་པ་ལྟར་ན། ཐེངས་འདིའི་གྲུབ་འབྲས་འགྲེམས་སྟོན་གྱིས་གཅིག་བསྡུས་སྒོས་མདོ་དབུས་མཐོ་སྒང་ས་ཁུལ་གྱི་གུང་གཞོན་ཚོགས་པ་ཞབས་ཞུའི་ན་གཞོན་ལས་གཏོད་ལས་ཞུགས་ཀྱི་གྲུབ་འབྲས་དང་ཕན་འབྲས་འགྲེམས་སྟོན་བྱས་ཡོད་ལ། དེ་དང་ཆབས་ཅིག་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལས་གཏོད་ན་གཞོན་དག་ལ་འཚོལ་གཤེར་དང་སྔོག་འདོན་ཐད་ཀྱི་གོ་སྐབས་མང་པོ་ཞིག་ཀྱང་མཁོ་སྤྲོད་བྱས་ཏེ། འཕེལ་རྒྱས་ཀྱི་སྦྲེལ་ཟམ་གསར་པ་ཞིག་གྲུབ་པར་རོགས་རམ་དང་མཐུན་རྐྱེན་མང་པོ་སྦྱར་ཡོད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།