མི་སྒེར་གྱི་ཐོབ་ཁྲལ་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་སྤྱི་ཚོགས་ཐོག་བསམ་འཆར་བསྡུ་འགོ་ཚུགས་པ།

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། མི་སྒེར་གྱི་ཐོབ་ཁྲལ་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ཐད་སྤྱི་ཚོགས་ཐོག་བསམ་འཆར་བསྡུ་འགོ་ཚུགས་ཡོད་པ་དང་། སྤྱི་ཟླ་བཅུ་པར་ལག་བསྟར་བྱེད་ཐུབ་པའི་རེ་བ་ཡོད་པ་རེད།

ཐེངས་འདིར་ཡོངས་བསྒྲགས་བྱས་པའི་བཟོ་བཅོས་འཆར་ཟིན་ནང་པར་མ་གསར་པའི་ཁྲལ་ཚད་བང་རིམ་བདུན་བར་གྱི་བར་ཐག་གྱི་ཞིབ་ཕྲའི་གནས་ཚུལ་ཐེངས་དང་པོ་ཟུར་གསལ་བྱས་ཡོད་པ་རེད། ཁྲལ་ཚད་རེའུ་མིག་གསར་པ་ནི་ལོས་ཚན་པ་བྱས་ཏེ་འཇལ་དགོས་པའི་ཐོབ་ཁྲལ་ལ་རྩིས་རྒྱབ་ཡོད་པ་རེད། ཟླ་བ་རེའི་ཡོང་འབབ་ལ་རྩིས་ན། འཇལ་དགོས་པའི་ཁྲལ་ཚད་སྒོར་སུམ་སྟོང་ལས་བརྒལ་མེད་པར་ཁྲལ་ཚད་བརྒྱ་ཆ་༣ཡིན་པ་དང་། སྒོར་སུམ་སྟོང་ནས་ཆིག་ཁྲི་ཉིས་སྟོང་བར་གྱི་ཁྲལ་ཚད་བརྒྱ་ཆ་བཅུ་ཡིན་པ། བརྒྱ་ཆ་ཉི་ཤུའི་ཁྲལ་ཚད་ཀྱི་བང་རིམ་བར་ཐག་ནི་སྒོར་ཆིག་ཁྲི་ཉིས་སྟོང་ནས་སྒོར་ཉིས་ཁྲི་ལྔ་སྟོང་བར་ཡིན་པ་རེད། ད་ལྟ་ལག་བསྟར་བྱེད་བཞིན་པའི་མི་སྒེར་གྱི་ཐོབ་ཁྲལ་བཅའ་ཁྲིམས་དང་བསྡུར་ན། ཁྲལ་ཚད་རིམ་པ་དམའ་འབྲིང་གི་ཧེ་བག་ཤུགས་ཆེན་པོས་ཆེ་རུ་ཕྱིན་ཡོད་པ་རེད།

དེའི་གོང་ཡོངས་བསྒྲགས་བྱས་ཟིན་པའི་མི་སྒེར་གྱི་ཐོབ་ཁྲལ་བསྡུ་འགོ་འཛུགས་ས་དང་ཟུང་འབྲེལ་བྱས་ན་ཟླ་བ་རེར་སྒོར་༣༥༠༠ནས་སྒོར་༥༠༠༠བར་མཐོ་རུ་བཏང་ཡོད་པ་དང་། དེ་ཡང་ལོ་རེར་སྒོར་དྲུག་ཁྲི་ཡིན་པ་རེད། སྤྱི་ཡོངས་ནས་བལྟས་ཚེ། ཁྲལ་འཁྲི་ཚང་མ་ཚད་གཞི་མི་འདྲ་བའི་ཐོག་ནས་ཆག་ཡོད་པ་རེད། ནོར་སྲིད་པུའི་པུའུ་ཀྲང་ལིའུ་ཁུན་གྱིས། གླ་ཕོགས་དང་ཕོགས་ཐོབ་སོགས་ཕྱོགས་བསྡུས་ཐོབ་ཆ་ལེན་མཁན་གྱི་ཁྲལ་འཇལ་མཁན་གྱི་སྤྱི་ཡོངས་ཀྱི་ཁྲལ་འཁྲི་ཚང་མ་ཚད་གཞི་མི་འདྲ་བའི་ཐོག་ནས་ཆག་ཡོད་པ་དང་། ལྷག་པར་དུ་ཡོང་འབབ་འབྲིང་རིམ་མན་ཆད་ཀྱི་མང་ཚོགས་ཀྱི་ཁྲལ་འཁྲི་མངོན་གསལ་དོད་པོས་ཆག་ཡོད་པས། གྲོང་མིའི་ཡོང་འབབ་འཕར་སྣོན་དང་། འཛད་སྤྱོད་ནུས་པ་ཆེ་རུ་འགྲོ་རྒྱུར་ཕན་ཐོགས་ཡོད་ཅེས་གསུངས་ཡོད་པ་རེད།

འཆར་ཟིན་ལ་གཞིགས་ན། བཟོ་བཅོས་འཆར་ཟིན་དེ་སྤྱི་ལོ་༢༠༡༩ལོའི་ཟླ་དང་པོའི་ཚེས་༡ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་རེད། ལག་བསྟར་མ་བྱས་གོང་། སྤྱི་ལོ་༢༠༡༨ལོའི་ཟླ་བཅུ་པའི་ཚེས་༡ནས་སྤྱི་ལོ་༢༠༡༨ལོའི་ཟླ་བཅུ་གཉིས་པའི་ཚེས་༣༡བར། ཁྲལ་འཇལ་མཁན་གྱི་གླ་ཕོགས་དང་ཕོགས་ཐོབ་ཀྱི་ཐོབ་ཆར་སྔོན་ལ་ཟླ་རེའི་ཡོང་འབབ་ནང་ནས་གླ་རིན་སྒོར་ལྔ་སྟོང་འཐེན་རྗེས་ཀྱི་ལྷག་མ་རྣམས་འཇལ་དགོས་པའི་ཐོབ་ཁྲལ་ལ་རྩིས་རྒྱུ་རེད། དེའི་ཐོག་ནས། སྤྱི་ལོ་༢༠༡༨ལོའི་ཟླ་བཅུ་པའི་ཚེས་༡ཉིན་ནས་བཟུང་། ཁྲལ་འཇལ་མཁན་གྱིས་མི་སྒེར་གྱི་ཐོབ་ཁྲལ་བསྡུ་འགོ་འཛུགས་ས་གསར་པར་གཞིགས་ནས་ཁྲལ་འཇལ་ཐུབ་པའི་རེ་བ་ཡོད་པ་མཚོན་གྱི་ཡོད་པ་རེད།

སྤྱི་དམངས་ནས་ཀྲུང་གོའི་མི་དམངས་འཐུས་ཚོགས་དྲ་བའི་ཐོག་ཐད་ཀར་ཐོ་འགོད་བྱས་ཏེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་སྒེར་གྱི་ཐོབ་ཁྲལ་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་གཞིགས་ནས་བསམ་འཆར་འདོན་ཆོག་པ་དང་། བསམ་འཆར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་ལ་བསྐུར་ཡང་ཆོག་གི་ཡོད་པ་རེད།