ཏི་ཏུའུ་སོག་རིགས་ཀྱི་དམངས་གཞས་སྒྱུ་རྩལ་མཐུན་ཚོགས་བཙུགས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཉེ་བའི་ཆར་ཏི་ཏུའུ་སོག་རིགས་ཀྱི་དམངས་གཞས་སྒྱུ་རྩལ་མཐུན་ཚོགས་དངོས་སུ་དབུ་བརྙེས་པ་རེད།

རྒྱུས་ལོན་བྱུང་པ་ལྟར་ན། ཏི་ཏུའུ་སོག་རིགས་དམངས་གཞས་སྒྱུ་རྩལ་མཐུན་ཚོགས་ཀྱིས་ལོ་ངོ་གཅིག་གི་རིང་ལ་གྲ་སྒྲིག་བྱས་པ་བརྒྱུད། ཏི་ཏུའུ་སོག་རིགས་ཀྱི་མཉམ་ལེན་སྒྱུ་རྩལ་མཐུན་ཚོགས་དང་། ཚུང་ཧའེ་རྒན་པའི་སྒྱུ་རྩལ་མཐུན་ཚོགས་ཀྱི་དག་སྒྲིག་ཟུང་འབྲེལ་རྩ་འཛུགས་བརྒྱུད་མཐུན་ཚོགས་གསར་པ་ཞིག་གྲུབ་པ་དང་། ནམ་རྒྱུན་ཆེད་ལས་རང་བཞིན་གྱི་དགེ་རྒན་དག་གིས་འགན་ཁུར་ཏེ་དམངས་གཞས་མཉམ་ལེན་དང་གདངས་དབྱངས། ཞབས་བྲོ། གྱོན་ཆས་འཁྲབ་སྟོན་སོགས་ཀྱི་གསབ་སྦྱོང་ནང་དོན་མང་པོ་འདུས་ཡོད། མཐུན་ཚོགས་གསར་འཛུགས་བྱས་པ་ནས་བཟུང་། ཞིང་ཆེན་ཕྱི་ནང་དུ་འཁྲབ་སྟོན་བྱེད་སྒོ་གང་མང་ཞིག་ལ་ཟབ་ཞུགས་བྱས་ཡོད་ལ། རྒྱ་ཆེའི་ལྟད་མོ་པ་གང་མང་ཞིག་གི་བསྟོད་བསྔགས་དང་གདེང་འཇོག་ཡང་ཐོབ་ཡོད་པས། ཏི་ཏུའུ་དམངས་གཞས་སྒྱུ་རྩལ་བྱ་འགུལ་ལ་སྲ་བརྟན་གྱི་རྨང་གཞི་ལེགས་པོ་ཞིག་བཏིངས་ཡོད།

མཐུན་ཚོགས་དེའི་འགོ་བ་ཆིས་རྡོ་རྗེ་ཡིས་བཤད་རྒྱུར། “མཚོ་ནུབ་ཏི་ཏུའུ་སོག་རིགས་ཀྱི་དམངས་གཞས་སྒྱུ་རྩལ་འཕེལ་རྒྱས་ལ་སྐུལ་འདེད་དང་། དམངས་གཞས་ལ་དགའ་མོས་ཆེ་པའི་ལྟད་མོ་པ་གང་མང་ཞིག་སྐྱེད་བསྲིངས་བྱེད་པ། མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་འཚོ་བ་ཕུན་སུམ་ཚོགས་པར་གཏོང་པ་བཅས་ཀྱི་ཆེད། རྗེས་ཕྱོགས་སུ་མཐུན་ཚོགས་ཀྱིས་མུ་མཐུད་དུ་རིགས་མི་འདྲ་པའི་བྱེད་སྒོ་གང་མང་སྤེལ་ནས་རང་ཁུལ་གྱི་རིག་གནས་བྱ་གཞག་དར་རྒྱས་དང་འཕེལ་རྒྱས། ཏི་ཏུའུ་སོག་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བཅས་ཀྱི་ཐད་ལ་བྱས་རྗེས་འཇོག་རྒྱུ་ཡིན”ཟེར།

“ཏི་ཏུའུ་སོག་རིགས་དམངས་གཞས་ནི་འཛམ་གླིང་ན་མིང་ཡོད་པའི་དམངས་གཞས་སྒྱུ་རྩལ་ཤིག་སྟེ། དེ་ནི་གནས་འདིའི་ལོ་རྒྱུས་དང་རྩོམ་རིག འབྲོག་པའི་འཚོ་བའི་རིག་གནས་སོགས་དང་མཉམ་དུ་འདྲེས་པའི་ངོ་བོ་ཞིག་ཡིན། དེའི་རྐྱེན་གྱིས་ང་ཚོས་དམངས་གཞས་སྒྱུ་རྩལ་གྱི་འགན་འཁྲི་ལྕི་མོ་འདི་ཕྲག་དུ་བླངས་ནས། ཏི་ཏུའུ་དམངས་གཞས་སྒྱུ་རྩལ་མཐུན་ཚོགས་བཙུགས་པ་བརྒྱུད་དམངས་གཞས་སྒྱུ་རྩལ་ལ་དུངས་ཞེན་ཆེ་པའི་རྒྱུན་འཛིན་པ་གང་མང་ཞིག་གསོ་སྐྱོང་བྱེད་དགོས”། ཞེས་མཐུན་ཚོགས་ཀྱི་ཁོངས་མི་དང་ཏི་ཏུའུ་སོག་རིགས་ཀྱི་ཞིང་ཆེན་རིམ་པའི་འཐུས་ཚབ་པའམ་རྒྱུད་འཛིན་པ་ཝང་ཚེ་དཔལ་གྱིས་བཤད་པ་རེད།

མཐུན་ཚོགས་གསར་འཛུགས་ལ་སྒོ་བྱང་འགེལ་པའི་མཛད་སྒོའི་སྟེང་། ཏི་ཏུའུ་སོག་རིགས་དམངས་གཞས་སྒྱུ་རྩལ་མཐུན་ཚོགས་དང་ས་ཁུལ་སོ་སོའི་དམངས་ཁྲོད་ཀྱི་མཉམ་ལེན་མཐུན་ཚོགས་ཀྱིས། རྒྱ་ཆེའི་ལྟད་མོ་པ་དག་ལ་ཆེས་གནའ་བོའི་དབྱངས་རྟའི་མཉམ་ལེན་དང་གྱོན་ཆས་འཁྲབ་སྟོན། མང་ཚོགས་རང་བཞིན་གྱི་ཞབས་བྲོ་སོགས་ངོ་མཚར་ཆེ་བའི་ལེ་ཚན་གང་མང་ཞིག་འཁྲབ་སྟོན་བྱས་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།