རང་ཞིང་གིས་སློབ་སྡུད་སྲིད་ཇུས་ཐད་ཀྱི་རྩད་ཞིབ་ཞབས་ཞུའི་བྱེད་སྒོ་སྤེལ་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཉེ་ལམ་མཚོ་སྔོན་ཞིང་ཆེན་གྱིས2018ལོའི་སྤྱིར་བཏང་མཐོ་རིམ་སློབ་གྲྭས་སློབ་སྡུད་སྲིད་ཇུས་ཡུལ་དངོས་ནས་དྲིལ་སྒྲོག་རྩད་ཞིབ་ཞབས་ཞུའི་བྱེད་སྒོ་དེ་མཚོ་སྔོན་མི་རིགས་སློབ་ཆེན་གྱི་ཞའོ་ཏའོ་རིག་རྩལ་ཁང་དུ་སྤེལ་པ་རེད། དེར་ཞིང་ཆེན་ཕྱི་ནང་གི་མཐོ་རིམ་སློབ་གྲྭ་བརྒྱ་ཕྲག་ལྷག་གི་སློབ་སྡུད་དྲིལ་སྒྲོག་མི་སྣ་དག་གིས་སློབ་སྡུད་དང་འབྲེལ་བའི་སྲིད་ཇུས་ཐད་ལ་རྩད་ཞིབ་འགྲེལ་བརྗོད་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་རྒྱུགས་ཞུགས་སློབ་མ་དང་ཁྱིམ་བདག་མི་གྲངས4000ལྷག་བྱེད་སྒོ་དེར་ཞུགས་པ་རེད།

རྩད་ཞིབ་བྱེད་སྒོའི་གྲོས་ཚོགས་སྟེང་ཞིང་ཆེན་སློབ་སྡུད་གཞུང་སྒྲུབ་ཁང་གི་ལས་བྱེད་མི་སྣ་དག་གིས2018ལོའི་རང་ཞིང་གི་སྤྱིར་བཏང་མཐོ་རིམ་སློབ་གྲྭའི་སློབ་སྡུད་སྲིད་ཇུས་དང་། སྤྱིར་བཏང་གི་རེ་འདུན་རེའུ་མིག་ཁ་སྐོང་པའི་འབྲེལ་ཡོད་སྒྲིག་སྲོལ་ལ་ཀློག་འགྲེལ་གསལ་པོ་བྱས། ནན་ཏན་སྒོས་རྒྱུགས་ཞུགས་སློབ་མ་དང་ཁྱིམ་བདག་དག་གིས་རེ་འདུན་དང་བླངས་རེའུ་མིག་སྐོང་དུས་འཕྲད་པའི་དཀའ་ཁག་སོགས་ལ་ནན་ཏན་སྒོས་འགྲེལ་བརྗོད་བྱས། ཚོགས་འདུ་དེར་ཟབ་ཞུགས་བྱས་པའི་ཁྱིམ་བདག་དག་གིས་བསྟན་དོན། ཞིང་ཆེན་སློབ་སྡུད་གཞུང་སྒྲུབ་ཁང་དང་མཚོ་སྔོན་མི་རིགས་སློབ་ཆེན་གཉིས་རྒྱུགས་ཞུགས་སློབ་མ་དང་ཁྱིམ་བདག་དག་གི་ངོས་ཐད་ནས་འགྲེང་སྟེ་རྩད་ཞིབ་ཞབས་ཞུའི་བྱེད་སྒོ་དུས་ལྟར་མཁོ་སྤྲོད་བྱས་པ་དེ་གནད་ལ་འཁེལ་ཡོད། དེ་ཡང་དྲིལ་སྒྲོག་མཁན་དང་སློབ་སྡུད་སློབ་གླིང་དག་གི་ལས་བྱེད་མི་སྣས་ཁ་གཏད་སྒོས་ཕན་ཚུན་བསམ་བློ་བརྗེ་རེས་བྱས་པ་བརྒྱུད་ཁོ་ཚོས་རེ་འདུན་རེའུ་མིག་སྐོང་པའི་ཁ་ཕྱོགས་དེ་གསལ་པོར་ཤེས་ཐུབ་པར་གྱུར་ཡོད།

རྒྱུས་ལོན་ལྟར་ན། ཉེ་ལམ་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་སློབ་སྡུད་གཞུང་སྒྲུབ་ཁང་གིས་མུ་མཐུད་དུ་མཐོ་རྒྱུགས་ལ་ཞུགས་པའི་སློབ་མ་དག་ལ་རེ་འདུན་རེའུ་མིག་ཁ་སྐོང་བྱེད་པའི་ཐད་ཀྱི་རྩད་ཞིབ་ཞབས་ཞུའི་བྱ་བ་མཁོ་སྤྲོད་བྱས་ཤིང་། རྒྱ་ཆེའི་སློབ་མ་དག་ལ་ལ་དངོས་ཡོད་ཀྱི་ཐོབ་ཐང་རྩད་ཞིབ་དང་བརྡ་འཕྲིན་ཞབས་ཞུ་འདོན་སྤྲོད་ཀྱིས་རྒྱུགས་ཞུགས་སློབ་མ་དག་གི་ཕུགས་འདུན་སློབ་ཆེན་དེ་མངོན་འགྱུར་བྱས་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།