ཧོར་གྲོང་རྫོང་གིས་ཀྲུང་གོ་ཚན་རིག་གླིང་གི་འབུམ་རམས་པ་ཡུལ་སྐོར་འཕེལ་རྒྱས་ཀྱི་མཐོ་རིམ་བློ་འདོན་པ་རུ་གདན་འདྲེན་ཞུས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཉེ་བའི་ཆར་མཚོ་ཤར་གྲོང་ཁྱེར་ཧོར་གྲོང་ཧོར་རིགས་རང་སྐྱོང་རྫོང་གིས་ཀྲུང་གོ་ཚན་རིག་གླིང་གི་འབུམ་རམས་པ་དང་རྒྱལ་ཡོངས་ཡུལ་སྐོར་ལས་རིགས་ཀྱི་སྣེ་ཁྲིད་མི་སྣ་གཙོ་བོ། པེ་ཅིན་རྩེར་སོན་ཤེས་ནུས་ཡུལ་སྐོར་རིག་གནས་ལས་གཏོད་མ་རྐང་ཚད་ཡོད་ཀུང་ཟིའི་ལས་གཏོད་པ། ཧྭ་ཆོ་མཁར་ཡུལ་སྐོར་མ་དངུལ་དོ་དམ་ཚད་ཡོད་ཀུང་ཟིའི་སྤྱི་ཁྱབ་འགན་འཛིན་པ་ལིག་ཧྥུན་དངོས་སུ་ཧོར་གྲོང་རྫོང་གི་ཡུལ་སྐོར་འཕེལ་རྒྱས་ཀྱི་མཐོ་རིམ་བློ་འདྲི་བ་རུ་གདན་འདྲེན་ཞུས་ཞིང་། ཐེངས་འདིར་ལིག་ཧྥུན་གྱིས་རྫོང་རིམ་པའི་སྲིད་གཞུང་གི་ཡུལ་སྐོར་འཕེལ་རྒྱས་ཀྱི་བློ་འདྲི་ཡུལ་དེ་རྒྱལ་ནང་དུ་ཐོག་མར་བེད་སྤྱོད་བྱས་པ་རེད།

ལིག་ཧྥུན་གྱིས་གསར་དུ་ལས་གཏོད་བྱས་པའི་རྩེར་སོན་ཤེས་ནུས་ཡུལ་སྐོར་རིག་གནས་ལས་གཏོད་མ་རྐང་ཚད་ཡོད་ཀུང་ཟི་ནི། རྒྱལ་ནང་གི་ཆེས་སྔ་བའི་ཆེད་ལས་ཅན་གྱི་ཡུལ་སྐོར་སྒྲིག་སྲོལ་ཇུས་འགོད་ལས་འགོད་གཙོ་བོར་སྒྲུབ་པའི་ཁེ་ལས་ཉག་གཅིག་ཡིན་ལ། དུས་ཡུན་ལོ་ངོ་བཅུ་ལྷག་གི་འཕེལ་རྒྱས་བརྒྱུད་ད་ལྟའི་ཆར་ཀྲུང་གོའི་ཡུལ་སྐོར་སྒྲིག་སྲོལ་ཅན་གྱི་ཁེ་ལས་རང་བཞིན་གྱི་གཞུང་འདེགས་ཁེ་ལས་སུ་གྱུར་ཡོད་ལ། རིག་གནས་ཡུལ་སྐོར་ལས་རིགས་ཀྱི་གསར་གཏོད་སྣེ་ཁྲིད་མཁན་དང་གསར་འབྱེད་པ་རུ་གྱུར་ཡོད། ཀྲུང་གོའི་ཡུལ་སྐོར་སྒྲིག་སྲོལ་གྱི་སྣེ་ཁྲིད་མི་སྣ་རུ་གྱུར་བའི་ལིག་ཧྥུན་གྱིས་རྒྱལ་ནང་གི་ཞིང་ཆེན་དང་ས་གནས་གྲོང་ཁྱེར་བཅས་ཀྱི་ཡུལ་སྐོར་འཕེལ་རྒྱས་འཆར་འགོད་ལ་མདོ་འཛིན་བྱས་ཤིང་། པེ་ཅིན་དང་ཧྲན་ཏུང་། ཧྥུ་ཅན། ཧི་ནན། ཀོས་ཀྲུའུ། ཅི་ལེན། ཏ་ལེན། ཐའེ་ཨན་སོགས་ཞིང་ཆེན་དང་གྲོང་ཁྱེར་གྱི་ཡུལ་སྐོར་འཕེལ་རྒྱས་ཀྱི་མཐོ་རིམ་བློ་འདོན་པའི་འགན་ཁུར་ཡོད་ལ། 2017ལོའི“ཀྲུང་གོའི་ཡུལ་སྐོར་ཚོང་ལས་ཆེན་པོ་བཅུ་ཡི་འགོ་ཁྲིད་ཀྱི་མཚན་སྙན”ཡང་ཐོབ་ཡོད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།