བྲག་དཀར་རྫོང་གིས་གཞིས་ཁུལ་སོ་སོའི་ལས་བྱེད་མི་སྣ་ཟི་ཞིང་དུ་ཏང་འཛུགས་བྱ་བར་ལྟ་ཞིབ་དང་སློབ་སྦྱོང་བྱེད་དུ་མངགས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བྲག་དཀར་རྫོང་གི་གཞིས་ཁུལ་གྱི་ཏང་འཛུགས་བྱ་བ་དེ་སྔར་ལས་ལྷག་པའི་སྒོ་ནས་ཤུགས་སྣོན་བྱེད་པ་དང་གཞིས་ཁུལ་གྱི་ཏང་འཛུགས་བྱ་བའི་ཚན་རིག་རང་བཞིན་གྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་སུ་གཏོང་བ། གཞིས་ཁུལ་གྱི་ཏང་རྩ་འཛུགས་ཀྱི་གཅིག་བསྡུས་སྟོབས་ཤུགས་དང་འབོད་སྐད་མུ་མཐུད་དུ་ཆེས་ཆེར་གཏོང་ཆེད། ཉིན་འདི་དག་གི་རིང་ལ་བྲག་དཀར་རྫོང་གིས་རྫོང་ཡོངས་ཀྱི་གཞིས་ཁུལ་མི་འདྲ་བ7གྱི་ཏང་རྩ་འཛུགས་ཧྲུའུ་ཅི་དང་ཏང་འཛུགས་ལས་བྱེད་མི་སྣ་བཅས་ཁྱོན་བསྡོམས་མི16ཟི་ལིང་གྲོང་ཁྱེར་གྱི་མཁར་བྱང་ས་ཁུལ་དང་མཁར་དབུས་ས་ཁུལ་དུ་གཞིས་ཁུལ་དག་གི་ཏང་འཛུགས་བྱ་བར་སློབ་སྦྱོང་དང་གཟིགས་ཞིབ་བྱེད་དུ་མངགས་ནས་ཉམས་མྱོང་ལེགས་པོ་བསྡུ་ལེན་བྱས་ཏེ། སྲང་ལམ་དང་གཞིས་ཁུལ་དག་གི་ཏང་འཛུགས་བྱ་བའི་ཆུ་ཚད་མཐོར་འདེགས་སུ་གཏོང་བར་སྐུལ་འདེད་བྱས་པ་རེད།

དུས་ཡུན་ཉིན་གཉིས་རིང་གི་ལྟ་ཞིབ་དང་སློབ་སྦྱོང་བརྒྱུད། བྲག་དཀར་རྫོང་གི་གཞིས་ཁུལ་སོ་སོའི་ཏང་རྩ་འཛུགས་ལས་བྱེད་དག་གིས་དོན་དངོས་ཀྱི་ཧེ་བག་ལ་ཡང་དག་པའི་སྒོ་ནས་ངོས་འཛིན་གསལ་བོ་བྱས་པ་མ་ཟད། མ་འོངས་བའི་རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་ཟི་ལིང་གྲོང་ཁྱེར་གྱི་གཞིས་ཁུལ་བྱ་བའི་སྔོན་ཐོན་ཉམས་མྱོང་དང་ཁྱད་ལྡན་སྒྲུབ་སྟངས་རེ་རེའི་ཐད་ནས་ཉམས་མྱོང་བླངས་ཏེ། སྲང་ལམ་དང་གཞུང་ལམ་སོ་སོའི་གཞིས་ཁུལ་གྱི་ཏང་འཛུགས་བྱ་བའི་འགན་འཁྲི་དེ་དོན་དངོས་ལེགས་པོར་སྒྲུབ་པ་རེད། དེ་དང་ཆབས་ཅིག་ཏུ་ཏང་ཀྲི་པུའུ་སྲོག་ཤིང་གི་འགོ་ཁྲིད་དང་ཀྲི་པུའུ་ཧྲུའུ་ཅིའི་སྣེ་ཁྲིད་འོག་ཏང་ཡོན་གྱི་སྔོན་ཐོན་དཔེར་མཚོན་བྱེད་ནུས་འདོན་ཐུབ་པར་བྱས། གཞིས་ཁུལ་གྱི་ཏང་འཛུགས་བྱ་བ་དེ་སྔར་ལས་མགྱོགས་ཤིང་སྔར་ལས་ལེགས་པའི་སྒོ་ནས་འཕེལ་རྒྱས་སུ་བཏང་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།