ཡུལ་ཤུལ་ཁུལ་གྱིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཡིག་གཟུགས་དང་རི་མོ་འགྲེམས་སྟོན་གྱི་བྱ་འགུལ་སྤེལ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ7པའི་ཚེས5ཉིན། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁྱེར་གྱི་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཡུལ་ཤུལ་གྲོང་ཁྱེར་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གཉིས་ཀྱིས་གཙོ་སྒྲུབ་མཛད་པའི“སྨྱུ་གུའི་རྩེ་ནས་སྤྱོད་གཙང་བྲིས།། རི་མོའི་རྩལ་གྱིས་སྤྱོད་ངན་སེལ”ཞེས་པ་བརྗོད་དོན་ཡིན་པའི་རི་མོ་དང་ཡིག་གཟུགས་པར་ལེན་བཅས་ཀྱི་འགྲན་སྡུར་བརྩམས་ཆོས་འགྲེམས་སྤེལ་བྱ་འགུལ་དེ་ཡུལ་ཤུལ་གྲོང་ཁྱེར་སྲིད་འཛིན་ལྟེ་གནས་སུ་འགྲེམས་སྟོན་བྱས་པ་རེད།

ཐེངས་འདིར་རུལ་སུངས་ལ་ངོ་རྒོལ་བྱེད་པའི་སྤྱོད་གཙང་གི་ཡི་གེ་དང་རི་མོ། པར་འཕེན་བཅས་ཀྱི་འགྲེམས་སྟོན་གྱིས་སྲིད་གཙང་རིག་གནས་ཀྱི་སློབ་གསོ་འདོན་སྤེལ་གང་ལེགས་བྱས་ཤིང་། སྤྱོད་ལྡན་སྲིད་གཙང་ཐད་ལ་བྱེད་ནུས་ངེས་ཅན་ཞིག་ཐོན་ཡོད། དེ་ལས་གཞན་རུལ་སུངས་ལ་ངོ་རྒོལ་བྱེད་པའི་དྲིལ་སྒྲོག་སློབ་གསོའི་ནང་དོན་གྱི་རྣམ་པ་བརྒྱུད་ཚད་ངེས་ཅན་གྱི་སྒོ་ནས་རུལ་སུངས་ཀྱི་ཚད་གཞི་དེ་འགོ་ཁུངས་ནས་སྔོན་འགོག་དང་བཅོས་སྐྱོང་བྱས་ཤིང་། སྲིད་གཙང་རིག་གནས་ཀྱི་ཁྱབ་ཚད་དང་ཤུགས་རྐྱེན་གྱིས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་གསར་རྩོམ་ཁྲོད་སློབ་གསོའི་ཉམས་མྱོང་ཐོབ་དུ་བཅུག་སྟེ། རོལ་མྱོང་ཁྲོད་བློ་སྒོ་འབྱེད་ཐུབ་པ་དང་ལས་བྱེད་མང་ཚོགས་ཀྱི་སྤྱོད་གཙང་སྲིད་གཙང་གི་འདུ་ཤེས་ཇེ་དྲག་དུ་བཏང་ནས་གྲོང་ཁྱེར་ཧྲིལ་བོའི་ལས་བྱེད་པའི་ཁྲོད་སྲིད་གཙང་སྤྱོད་གཙང་གི་མཁའ་དབུགས་གསར་བ་ཞིག་ཆགས་དུ་བཅུག་པ་རེད།

ཐེངས་འདིའི་ཡིག་གཟུགས་དང་རི་མོ། པར་ལེན་བཅས་ཀྱི་བརྩམས་ཆོས་འགྲེམས་སྟོན་སྟེང་ཁྱོན་བསྡོམས་བརྩམས་ཆོས་རིགས་མི་འདྲ་བ148འབྱོར་བ་དང་། བརྩམས་ཆོས་དག་གིས་སྲིད་གཙང་རིག་གནས་དེ་མཛུབ་སྟོན་དུ་བཟུང་ཞིང་བརྗོད་བྱ་ཁ་གསལ་ལ། རྣམ་པ་ཕུན་སུམ་ཚོགས་པས། སྤྱི་ཚོགས་ལས་རིགས་སོ་སོའི་སྟེང་གི་ཡིག་གཟུགས་དང་རི་མོར་དགའ་ཞེན་ཆེ་བ་དག་གི་དགའ་བསུ་ཆེན་པོ་ཐོབ། བརྩམས་ཆོས་དག་དཔྱད་འདེམས་ཨུ་ཡོན་རྩ་འཛུགས་ཀྱིས་གཅིག་བསྡུས་སྒོས་དཔྱད་འདེམས་ཞིབ་སྡུར་བྱས་པ་བརྒྱུད། 《གཙང》དང《ཏང་གི་བླ་སྲོག 》《རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་འོག་ཉེས་ཅན་སུ་ཡང་འཆོར་ས་མེད》སོགས་ཕུལ་བྱུང་བརྩམས་ཆོས10ཡིས་སྒྱུ་རྩལ་གྱི་རྣམ་པར་བརྟེན་ནས་སྲོལ་རྒྱུན་རིག་གནས་དར་སྤེལ་དང་སྤྱོད་གཙང་གི་ཡུལ་ཤུལ་གསར་འཛུགས་བྱེད་པར་རོགས་རམ་དང་སྐུལ་འདེད་ཐོབ་ཡོད་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།