ཧི་མ་ལ་ཡའི་ལྷོ་ངོས་སུ་ཀྲུང་གོའི་སྲོག་ཆགས་རིགས་གསར་པ་ཞིག་རྙེད་པ།

 

ཟླ7པའི་ཚེས9ཉིན་བསྒྲགས་པའི་གནས་ཚུལ། ཟླ7པའི་ཚེས7ཉིན། ཚན་ཞིབ་རུ་ཁག་གི་རུ་མི་ཕེང་ཅིན་ཧྲེང་དང་། ཏུང་ལའེ། ཞུས་པའོ། ཡུས་ཐིན་དབྱི་སོགས་ཀྱིས་བོད་ལྗོངས་ཀྱི་ཧི་མ་ལ་ཡའི་བར་རྒྱུད་ཀྱི་ལྷོ་ངོས་སྐྱིད་གྲོང་ལུང་ཁུལ་དུ་རྟོག་ཞིབ་བྱེད་སྐབས། ཝ་འདྲ་བའི་གཅན་གཟན་རིགས་ཤིག་བརྙན་ལ་གསལ་པོར་ཕབ་ཐུབ་པ་བྱུང་བ་ལ།  ཚེས7ཉིན་གྱི་ཕྱི་དྲོར། པེ་ཅིང་སློབ་ཆེན་གྱི་ཚེ་སྲོག་ཚན་རིག་རིག་པའི་སློབ་གླིང་གི་ཞིབ་འཇུག་པ།འབུམ་རམས་པའི་སློབ་སྟོན་དགེ་རྒན་ལི་ཁྲེང་གིས་དེ་ནི་གླིང་ཆེན་ཨེ་ཤ་ཡའི་ཅེ་སྤྱང་སྟེ། ཁྱིའི་རིགས་རྒྱུད་ལས་གཟུགས་བོངས་ཆེ་ཤོས་སུ་གཏོགས་ཞེས་གསར་འགོད་པར་བརྗོད་བྱུང་།

ལི་ཁྲེང་གི་ཤེས་ཚུལ་ལྟར་ན། དེ་ནི་ཀྲུང་གོས་གླིང་ཆེན་ཨེ་ཤ་ཡའི་ཅེ་སྤྱང་རང་རྒྱལ་དུ་ཡོད་པ་བརྙན་དུ་ཕབ་ནས་གསལ་ཐག་བཅད་པ་ཞིག་ཡིན་ཏེ།  འདིའི་ཡར་སྔོན་ལ་ཀྲུང་གོ་ནང་ཁུལ་ནས་གཅན་གཟན་དེའི་བརྙན་གཅིག་ཀྱང་མཐོང་མྱོང་མེད་ཟེར།   གཞན་གླིང་ཆེན་ཨེ་ཤ་ཡའི་ཅེ་སྤྱང་དེ་སྤྱང་ཀི་དང་རིགས་རྒྱུད་གཅིག་ཏུ་གཏོགས་ན་ཡང་།  གཟུགས་བོངས་འཕར་བ་དང་འདྲ། གཙོ་བོ་གླིང་ཆེན་ཨ་ཧྥེ་རི་ཁ་བྱང་མ་དང་གླིང་ཆེན་ཨེ་ཤ་ཡའི་དབུས་ཤར་དང་།  ལྷོ་རྒྱུད་ཀྱི་ས་ཁོངས་སུ་གནས་པ་ཞིག་རེད་ལ། ཀྲུང་གོར་མཚོན་ན་མཐའ་མཚམས་ས་ཁུལ་ཏེ། དཔེར་ན་ཀྲུང་གོ་དང་རྒྱ་གར་གཉིས་ཀྱི་ས་མཚམས་དང་།  བལ་བོའི་ས་མཚམས་དང་ཉེ་བའི་ས་ཁུངས་སོགས་སུ་གནས།  ཐེངས་འདིར་ཅེ་སྤྱང་དངོས་སུ་མཐོང་བ་དེས། ཧི་མ་ལ་ཡའི་ལྷོ་ངོས་སུ་མི་རྣམས་ཀྱིས་མི་ཤེས་པའི་སྲོག་ཆགས་དང་སྐྱེ་དངོས་རིགས་མང་པོ་ཡོད་སྲིད་པ་རིགས་འདེད་བྱས་ཆོག་ལ། དེ་ལ་ཚན་རིག་པ་མང་པོས་རྟོག་ཞིབ་བྱེད་འོས་པ་ཞིག་རེད་ཟེར།

སྲིད་གཞུང་གི་རྩ་འཛུགས་མ་ཡིན་པའིTBIC(བོད་ལྗོངས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་བརྙན་ལེན་སྲུང་སྐྱོང་ལས་ཁུངས)འཛུགས་མཁན་དང་། བརྙན་ལེན་པ་ལའོ་ཧའོ་ཡིས་གསར་འགོད་པར།  སྐབས་དེར་རུ་མི་རྣམས་ས་བབ་སྨི3500ཡས་མས་ཀྱི་སྤང་ཐང་དང་། གྲམ་ཐང་ནས་རྟོག་ཞིབ་བྱེད་དུས། རྩི་ཤིང་སྟུག་པོའི་བར་གསེང་ནས་གློ་བུར་དུ་ཝ་དང་འདྲ་བའི་གཅན་གཟན་རིགས་ཤིག་ཐོན་བྱུང་བ་དང་། རིམ་བཞིན་ལ་ངོས་བརྒྱུད་ནས་འགྲོ་སྐབས།  རུ་མི་རྣམས་ཀྱིས་གོ་སྐབས་དམ་འཛིན་བྱས་ནས་སྲོག་ཆགས་དེ་པར་ལ་བླངས་པ་རེད།  སྲོག་ཆགས་འདིའི་མ་མགལ་ནས་བྲང་གཞུང་བར་སྤུ་དཀར་བོ་ཡིན་པས་ཕར་བལྟས་ཚོད་ཀྱིས་འཕར་བ་དང་འདྲ་བོ་འདུག་ཀྱང་།   འཕར་བ་དང་མི་འདྲ་ས་ནི་ལུས་ཀྱི་ཆ་ཤས་གཞན་དག་གི་སྤུ་ཁ་སྐྱ་ནག་ཏུ་འདུག  གཞན་སྤྱང་ཀི་དང་བསྡུར་ན། རྐང་པ་དང་མཆུ་ཏོ་ཅུང་ཐུང་། སྲོག་ཆགས་དེ་འཕྲལ་མར་རི་ཁུགས་སུ་ཡལ་སོང་བས། རུ་མི་ཚོས་འདྲ་པར་མ་གཏོགས་བརྙན་དུ་འབེབ་ཐུབ་མི་འདུག་ཟེར།

ལོ་ཙཱ་བ། ཁོན་ཐར་འཚོ།