པད་མ་རྫོང་གི“གངས་ལྗོངས་བོད་ཇ”ལ2018ལོའི་ཀྲུང་གོ(ཨེ་ཤེ་ཡ་ཤར་བྱང)ནགས་ཚལ་དངོས་མང་སྟོན་ཚོགས་ཀྱི་གསེར་གྱི་བྱ་དགའ་ཐོབ་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན།  ཟླ7པའི་ཚེས6ཉིན་ནས་ཚེས10ཉིན་བར། ཀྲུང་གོ(ཨེ་ཤེ་ཡ་ཤར་བྱང)ནགས་ཚལ་དངོས་མང་སྟོན་ཚོགས་སྐབས་ལྔ་པ་དེ་ཧེ་ལུང་ཅང་ཞིང་ཆེན་དབྱི་ཁྲུན་གྲོང་ཁྱེར་ནས་གཟབ་རྒྱས་ངང་འཚོགས་པ་དང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་གི་འགྲེམས་ཚོགས་ནང་ཞུགས་པའི“ཁ་དོག་གསུམ་ལྡན་གྱི་པད་མ་རྟགས་ཅན་གྱི་གངས་ལྗོངས་བོད་ཇ”ཡིས་ས་མཐོའི་ས་བབ་མཐོ་བ་དང་། རང་བྱུང་ཡིན་པ། འབག་བཙོག་མེད་པ། སྦྱོར་རྟ་མེད་པ་དང་སྐྱེ་ལྡན་ལྷད་མེད་སོགས་ཀྱི་ལེགས་ཆ་ལ་བརྟེན་ནས།  2018ལོའི་ཀྲུང་གོ(ཨེ་ཤེ་ཡ་ཤར་བྱང)ནགས་ཚལ་དངོས་མང་སྟོན་ཚོགས་ཀྱི་གསེར་གྱི་བྱ་དགའ་ཐོབ་པ་རེད།

རྒྱུས་ལོན་བྱུང་པ་ལྟར་ན།  ཀྲུང་གོ(ཨེ་ཤེ་ཡ་ཤར་བྱང)ནགས་ཚལ་དངོས་མང་སྟོན་ཚོགས་ནི་རྒྱབ་ཁབ་རིམ་པའི་ནགས་ལས་འགྲེམས་ཚོགས་གལ་ཆེན་ཞིག་ཡིན་པ་དང་། ལོ་གཉིས་རེར་ཐེངས་རེར་འཚོགས་པ་ཡིན་ལ།  སྐབས་འདིའི་འགྲེམས་ཚོགས་སྟེང་རྒྱལ་ཁབ་ཕྱི་ནང་གི་ཚོང་བ་མགྲོན་པོ2000ལྷག་འགྲེམས་སྟོན་ནང་ཞུགས་ཡོད།  ད་ཐེངས་པད་མ་རྫོང་གི“མདོག་གསུམ་པད་མ་རྟགས་ཅན་གྱི་གངས་ལྗོངས་བོད་ཇ”འགྲེམས་སྟོན་ནང་ཞུགས་པའི་སྐབས་སུ།  གསར་འགྱུར་བརྒྱུད་ལམ་ཁག་གི་དོ་ཁུར་དང་རྒྱ་ཆེའི་ཡུལ་སྐོར་ཚོང་པ་དང་འཛད་སྤྱོད་པའི་དགའ་བསུ་ཐོབ་པ་རེད། འདི་ནི་ད་ལོར་པད་མ“གངས་ལྗོངས་བོད་ཇ”ཡིས2018ལོའི་ཧྲང་ཧའེ་རྒྱལ་སྤྱིའི་ཇ་ལས་དངོས་མང་སྟོན་ཚོགས་སྟེང་གསེར་གྱི་བྱ་དགའ་ཐོབ་པའི་རྗེས་སུ། ཡང་བསྐྱར་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་སྟེང་གསེར་གྱི་བྱ་དགའ་ཐོབ་ཅིང་། རྒྱལ་ཡོངས་ཀྱི་ཚོང་ར་རྒྱ་བསྐྱེད་ལ་རྨང་གཞི་བརྟན་པོ་བཏིངས་པ་རེད།

པད་མ་རྫོང་གི་གངས་ལྗོངས་བོད་ཇ་ཐོན་ལས་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིའི་འགན་འཁུར་པས་བཤད་རྒྱུར།  རྗེས་ཕྱོགས་སུ་པད་མ་གངས་ལྗོངས་བོད་ཇ་ཐོན་ལས་ཀྱིས་ཐེངས་འདིའི་འགྲེམས་ཚོགས་ཀྱི་གསེར་གྱི་རྟགས་མའི་གཟི་བརྗིད་དེ་སྒུལ་ཤུགས་སུ་བཟུང་ནས།  ཇའི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དང་བརྒྱུད་རིམ་ཞིབ་ཚགས་ལྡན་པ། དྲིལ་བསྒྲགས་བྲིན་ཚོང་སོགས་ཀྱི་ལས་དོན་ལ་གཞོལ་ཏེ། བསམ་བློ་དང་གསར་གཏོད་ཀྱི་འདུ་ཤེས་སྔར་ལས་ལྷག་པའི་སྒོ་ནས་རྒྱ་བསྐྱེད་པ་དང་། “མདོག་གསུམ་པད་མ”ཡི་ཐོན་ཁུངས་ཀྱི་དགེ་མཚན་ལ་འབྲེལ་ཏེ། པད་མའི་གངས་ལྗོངས་བོད་ཇ་དང་འབྲེལ་བའི་ཐོན་རྫས་དག་རྒྱལ་ནང་དུ་ཕྱིར་འཚོང་བྱེད་པ་དང་། ལྷད་མེད་ཐོན་ལས་དབུལ་སྐྱོར་དང་ལྷད་མེད་སྐྱེ་ཁམས་པད་མ་འཛུགས་སྐྲུན་ལ་སྔར་ལས་ལྷག་པའི་བྱས་རྗེས་འཇོག་དགོས་ཟེར།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།