ན་གོར་མོ་གྲོང་ཁྱེར་གྱི་ཉེན་རྟོག་པ་ཞིག་ལ་རྒྱལ་ཁབ་རིམ་པའི་ཆེད་ཁེ་ཞིག་ཐོབ་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཉེ་ལམ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཤེས་བྱའི་ཐོན་དབང་ཅུའུ་ནས་ཁྱབ་བསྒྲགས་བྱས་འོངས་བའི་འཕྲིན་གསར་ལྟར་ན། ན་གོར་མོ་གྲོང་ཁྱེར་སྤྱི་བདེ་ཅུའུ་ཡི་འཕྲིན་གཏོང་ཁྲུའུ་ནས་མི་དམངས་ཉེན་རྟོག་པ་རོན་ཆིས་ལེན་གྱིས“གློག་རྡུལ་སྒྲིག་ཆས་རིགས་ཤིག་གི་ཚ་སེལ་སྒྲིག་གཞི”ཞེས་པའི་རྣམ་གྲངས་ཤིག་ལ་གསར་སྤེལ་དང་ཞིབ་འཇུག་བྱས་ཏེ། 2018ལོའི་ཟླ6པའི་ཚེས12ཉིན་རྒྱལ་ཁབ་ཤེས་བྱའི་ཐོན་དབང་ཅུའུ་ཡིས་ཆེད་ཁེ་དབང་ཆ་གནང་བ་རེད། རོན་ཆིས་ལེན་ནི་ན་གོར་མོ་གྲོང་ཁྱེར་སྤྱི་བདེ་ཅུའུ་ཡི་རྒྱལ་ཁབ་གྱི་གསར་སྤེལ་ཆེད་ཁེ་ཐོབ་པའི་མི་དམངས་ཉེན་རྟོག་པ་ཐོག་མ་རུ་གྱུར་བ་རེད།

དེ་ཡང“གློག་རྡུལ་སྒྲིག་ཆས་རིགས་ཤིག་གི་ཚ་སེལ་་སྒྲིག་གཞི”ཞེས་པའི་རྣམ་གྲངས་ཀྱི་ཞིབ་འཇུག་གྲུབ་འབྲས་སྐོར་ནས་རོན་ཆིས་ལེན་གྱིས་བཤད་རྒྱུར། དེ་ཡང་ཐེངས་ཤིག་ལ་བྱ་བའི་ཁྲོད་གློག་ཀླད་ལ་བརྟེན་ནས་གཞུང་དོན་ཞིག་ཐག་གཅོད་སྐབས་གློག་ཀླད་རྒྱུན་དུ་ངར་དྲགས་པས་གློ་བུར་དུ་འཁེག་པའི་སྣང་ཚུལ་ཞིག་བྱུང་བ་རེད། ཁོས་སློབ་ཆེན་སྐབས་ཀྱི་རང་གི་མཛུབ་སྟོན་དགེ་རྒན་ལ་དེའི་སྐོར་བསམ་བློ་བརྗེ་རེས་ཀྱི་ཁ་བརྡ་མང་པོ་བྱས་པ་མ་ཟད། འབྲེལ་ཡོད་ཞིབ་འཇུག་སྐོར་གྱི་དཔེ་ཆ་མང་པོ་ཞིབ་ཀློག་བྱས་ཏེ་ཞིབ་འཇུག་ལ་མཚམས་མ་བཞག་པས་གློག་རྡུལ་སྒྲིག་ཆས་ཀྱི་ཚ་སེལ་སྒྲིག་གཞི་གསར་པ་ཞིག་གསར་སྤེལ་བྱས་པ་རེད། རྣམ་གྲངས་དེ་ནི་སྒྲིག་ཆས་ནང་གི་ལྕགས་རིགས་བརྙན་མིག་དང་དྲོད་ཆེ་བའི་གློག་རྡུལ་ལྷུ་ལག་གཉིས་ཟུང་འབྲེལ་བྱས་ཡོད་། ལྕགས་རིགས་བརྙན་མིག་དེར་བྱེ་བྲག་གི་ཚ་སེལ་བྱེད་ནུས་ལེགས་པོ་ཞིག་ལྡན་པས་གློག་རྡུལ་མ་ལག་གི་ཚ་ནུས་འབོར་ཆེན་ཆུ་འཁྱག་མ་ལག་ཁྲོད་བརྒྱུད་དུ་བཅུག་ཤིང་། ཆུ་འཁྱག་མ་ལག་གི་འཁོར་སྐྱོད་ལས་དྲོད་ཚད་འབོར་ཆེན་བསྡུ་ལེན་བྱས་ཤིང་། གྲང་རླུང་མ་ལག་གི་བྱེད་ནུས་འོག་དྲོད་ནུས་ཕྱིར་གཏོང་བྱས་པ་རེད། དེ་ནས་གློག་རྡུལ་ཡོ་བྱད་ཀྱི་དྲོད་ཚད་ཕན་འབྲས་མར་འབབ་དུ་བཅུག་ཤིང་གློག་ཀླད་ངར་དྲགས་པས་འཁེག་པའི་སྣང་ཚུལ་དེ་མེད་པར་བཟོས་ནས་འཚོ་བའི་ཁྲོད་ཀྱི་ལས་ཀ་མང་པོ་ཞིག་ལ་སྟབས་བདེ་གང་ལེགས་བསྐྲུན་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།