རྒྱུ་སྤུས་དང་པོར་འཛིན་པའི་རིན་ཐང་གི་ཁ་ཕྱོགས་ལ་ཤུགས་སྣོན་གྱིས“ལྔ་བཞིའི་འཐབ་ཇུས”ཀྱི་རྨང་གཞིའི་སྤུས་ཚད་ཆེས་ཆེར་བཏང་པ།

— ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚོ་ཆུང་གིས་སློབ་སྦྱོང་བྱ་བའི་གྲོས་ཚོགས་བསྡུས་ཤིང་ཝང་ཅན་ཅོན་དང་རྡོ་རྗེ་རབ་བརྟན་ཚོགས་འདུར་ཞུགས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ7པའི་ཚེས6ཉིན་ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚོ་ཆུང་གིས་སློབ་སྦྱོང་བྱ་བའི་གྲོས་ཚོགས་བསྡུས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཧྲིན་ཀྲང་གཞོན་པ་ཝང་ཅན་ཅོན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལིག་ཉེན་སོགས་ཞིང་ཆེན་ཏང་ཨུའི་རྩ་འཛུགས་ཚོ་ཆུང་གི་ཁོངས་མི་དག་གྲོས་ཚོགས་ལ་ཞུགས་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྔོན་ཆད་ཀྱི་ལས་བྱེད་པ་དང་རྒྱལ་ཁབ་ལས་སྣོན་འཛུགས་བསྐྲུན་འཐབ་ཇུས་འདྲི་གཅོད་ཨུ་ཡོན་ལྷན་ཚོགས་ཀྱི་ཨུ་ཡོན། རྒྱལ་སྤྱིའི་རྒྱུ་སྤུས་ཚན་རིག་གླིང་གི་བློ་འདྲིའི་གླིང་གཙོ་ཀྲང་ཀང་གིས“རྒྱུ་སྤུས་ཀྱི་རྒྱལ་ཁབ་སྟོབས་ལྡན་དང་རྒྱུ་སྤུས་བཅོས་སྒྱུར”ཐད་ཀྱི་མཛུབ་སྟོན་སྙན་ཞུ་ཕུལ། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲང་ཞིས་མེན་གྱིས་སློབ་སྦྱོང་བྱ་བར་མདོ་འཛིན་བྱས་པ་རེད།

བློ་མཐུན་ཀྲང་ཀང་གིས་ཕྱོགས4ཡི་ཐད་ལ་འཛུགས་སྐྲུན་རྒྱུ་སྤུས་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་གོ་དོན་ལ་རྒྱས་བཤད་གསལ་པོ་བྱས་ཤིང་། ཕྱོགས5ནས་རྒྱུ་སྤུས་རིམ་འགྱུར་གྱི་འདུ་ཤེས་དང་དམིགས་འབེན། སྒྲིག་སྲོལ། གོ་རིམ་སོགས་ལ་མ་ལག་རང་བཞིན་གྱི་རྒྱས་བཤད་གསལ་པོ་ཞིག་བྱས་ཏེ་རང་ཞིང་གི་རྒྱུ་སྤུས་ལ་བརྟེན་ནས་ཞིང་ཆེན་སྟོབས་ལྡན་དུ་གཏོང་བའི་བྱ་བའི་ཐད་ལ་འཛུགས་བསྐྲུན་ཐད་ཀྱི་བསམ་འཆར་མི་འདྲ་བ5བཏོན་པ་རེད། གྲོས་ཚོགས་ལ་ཞུགས་པའི་བློ་མཐུན་དག་གི་སེམས་སུ་ཀྲང་ཀང་གི་སྙན་ཞུ་དེར་རྒྱལ་སྤྱི་རང་བཞིན་གྱི་མཐོང་རྒྱ་ཧ་ཅང་ཡངས་ཤིང་རང་རྒྱལ་གྱི་དོན་དངོས་དང་ཟུང་འབྲེལ་དམ་པོ་བྱས་ཡོད་པས། འདུ་ཤེས་རང་བཞིན་གྱི་བསམ་གཞིགས་དང་ཡང་ཟུང་འབྲེལ་བྱས་པའི་དོན་དངོས་ཀྱི་དཔེར་བརྗོད་ཅིག་ཡིན་ལ། གཞུང་ལུགས་རྒྱས་བཤད་དང་སྲིད་ཇུས་འཛུགས་བསྐྲུན་ཐད་ལ་གཞུང་ལུགས་ཀྱི་ངོ་བོ་དང་ཁ་གཏད་ཀྱི་ངོ་བོ། ལས་སྣོན་གྱི་ངོ་བོ་སོགས་ཤུགས་དྲག་ལྡན་པས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ལ་སློབ་སྦྱོང་གཏིང་ཟབ་བྱས་ཡོད་པ་མ་ཟད། ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་། ཀྲུང་དབྱང་གི་ཡིག་ཆ24པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པར་རོགས་རམ་ཆེན་པོ་ཐོན་ཡོད། དེ་མིན་རང་ཞིང་གི་གནས་བབ་ལ་གདེང་འཇོག་དང་འདོན་སྤེལ་ཐད་ལ་བྱེད་ནུས་ངེས་ཅན་ཞིག་ཐོན་ཡོད། སྔར་ལས་ལྷག་པའི་སྒོ་ནས་རྒྱུ་སྤུས་ཚད་ལྡན་འཕེལ་རྒྱས་སུ་གཏོང་བའི་འདུ་ཤེས་དང་རྒྱུ་སྤུས་འཛུགས་བསྐྲུན་ལ་བརྟེན་ནས་ཞིང་ཆེན་སྟོབས་ལྡན་དུ་གཏོང་བའི་ཐད་ལ་བློ་སྒོ་འབྱེད་པར་ཡང་བྱེད་ནུས་ངེས་ཅན་ཞིག་ཐོན་ཡོད།

ཚོགས་འདུའི་སྟེང་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་བསམ་བློ་དེ་གཞི་རྩའི་རྩ་དོན་དུ་བཟུང་ཞིང་། ཞིང་ཆེན་ཏང་ཨུའི་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཧྲིན་ཀྲང་བློ་མཐུན་ཝང་ཅན་ཅོན་གྱི་རེ་འདུན་གཞིར་བཟུང་ནས་རྒྱུ་སྤུས་ཨང་དང་པོར་འཛིན་པའི་རིན་ཐང་ཁ་ཕྱོགས་ལྟར་མི་དམངས་མང་ཚོགས་ཀྱི་དགོས་མཁོ་དང་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་སྣ་འཛོམས་སྟོབས་ཤུགས་དེ་གཞི་རྩའི་དམིགས་འབེན་དུ་འཛིན་པ་རྒྱུན་འཁྱོངས་བྱ་དགོས། ཁེ་ལས་ཀྱིས་རྒྱུ་སྤུས་མཐོར་འདེགས་སུ་གཏོང་བ་དེ་རྒྱུན་འཁྱོངས་བྱ་དགོས། བཅོས་སྒྱུར་གསར་གཏོད་དེ་གཞི་རྩའི་བརྒྱུད་རིམ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ་མཚོ་སྔོན་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཐད་ལ་གནས་བབ་གསར་བ་ཞིག་གསར་གཏོད་བྱེད་དགོས་པ་བཅས་ཡིན།

ཞིང་ཆེན་དམངས་ཆེན་རྒྱུན་ཨུའི་ལྷན་ཚོགས་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཏང་ཨུའི་ཨུ་ལྷན་ཁང་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་རིགས་མཐུན་ཚོགས་དང་མང་ཚོགས་ཚོགས་པ་སོ་སོ། མཐོ་རིམ་སློབ་གྲྭ། ཟི་ལིང་དུ་སྡོད་པའི་ཞིང་ཆེན་ཁེ་ལས་དོ་དམ་དང་ཀྲུང་དབྱང་གནས་སྡོད་མཚོ་སྔོན་ལས་ཁུངས་ཀྱི་ཏང་རྩ་འཛུགས་ཀྱི་འགན་ཁུར་བློ་མཐུན་མི་སྣ་གཙོ་བོ་བཅས་སློབ་སྦྱོང་ལ་ཟབ་ཞུགས་བྱས་ཡོད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།