ཁམས་ར་ལྗོངས་ཁུལ་ལ་གྱེན་གཏོང་གནམ་གྲུ་བཏང་ནས་བར་སྣང་ནས་ཡུལ་སྐོར་བྱེད་པ་ལེགས་འགྲུབ་བྱུང་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ7པའི་ཚེས8ཉིན་ཁམས་ར་གྲོང་བརྡལ་གྱི་ཉེ་འཁོར་དུ་མང་ཚོགས་ཁྲི་སྟོང་མང་པོ་འདུ་རུབ་བྱས་ཏེ་རང་གི་ལག་གི་ལས་ཀ་མཚམས་བཞག་ནས་གཅིག་བསྡུས་ཀྱིས་རྨ་ཆུའི་འགྲམ་རྒྱུད་དུ་འཚོགས་པས་ནམ་རྒྱུན་ཁུ་སིམ་མེར་གནས་པའི་ཁམས་ར་ལ་སྔ་ན་མེད་པའི་འདུ་འཛིའི་ཡོ་ལང་འཁྲུགས། དོན་དམ་ཅི་ཞིག་བྱུང་བ་ཡིན་ནམ། མ་གཞི་ཁམས་རའི་མཛེས་ལྗོངས་ས་ཁུལ་ལ་གྱེན་འཕུར་གནམ་གྲུ་བཏང་ནས་བར་སྣང་ནས་ཡུལ་སྐོར་བྱེད་པའི་མཛད་སྒོ་སྤེལ་བཞིན་ཡོད་ལ། ཁོ་ཚོས་ཐག་ཉེ་ས་ནས་གྱེན་འཕུར་གནམ་གྲུའི་སྒྲ་ཐོས་པ་མ་ཟད། མི་མི་ཉུང་བ་ཞིག་གྱེན་འཕུར་གནམ་གྲུར་བསྡད་དེ་དངོས་སུ་མྱོང་རོལ་བྱས་པ་རེད།

འཕུར་སྐྱོད་ཚོད་ལྟའི་ཡུལ་དངོས་སུ་པེའར407GXPརྟགས་ཅན་གྱི་གྱེན་འཕུར་གནམ་གྲུ་ཞིག་གིས་ནང་དུ་མི་བསྡད་ནས་ཁམས་རའི་ལྗོངས་ཁུལ་གྱི་བར་སྣང་དུ་འཕུར་བ་དང་། འཕུར་ཐེངས་རེ་རེར་ཚང་མ་སྤྲོ་སྐྱིད་ཀྱི་དགོད་སྒྲས་ཁེངས་འདུག ཚང་མ་འཁྱེར་བའི་པེའར407GXPརྟགས་ཅན་གྱི་གྱེན་འཕུར་གནམ་གྲུ་ལས་གཞན། ད་རུང་གནམ་གྲུ་འདུག་ས་རུ་འགྲུལ་H130རྟགས་ཅན་གྱི་སྐྱེལ་གྱེན་འཕུར་གནམ་གྲུ་སྟོང་བ་གཉིས་བཞག་ཡོད་པས་མང་ཚོགས་ཀྱིས་ཡོངས་སུ་བསྐོར་བ་དང་ཚང་མས་མཉམ་དུ་དྲན་རྟེན་འདྲ་པར་ལེན་པའི་ཁ་ཕྱོགས་སུ་གྱུར་ཡོད།

རྒྱུས་ལོན་བྱུང་པ་ལས་ཤེས་གསལ་ལྟར་ན། “བར་སྣང་ནས་ཁམས་རའི་ངོ་མཚར་ལ་རོལ”ཅེས་པ་བརྗོད་དོན་ཡིན་པའི་འཕུར་སྐྱོད་ཚོད་ལྟའི་བྱ་འགུལ་སྤེལ་བ་དང་། གཅན་ཚ་རྫོང་མི་དམངས་སྲིད་གཞུང་དང་ཁམས་ར་ལྗོངས་ཁུལ་དོ་དམ་ཅུའུ། མཚོ་སྔོན་མཛེས་སྡུག་སྤྱི་སྤྱོད་མཁའ་འགྲུལ་ཚད་ཡོད་ཀུང་ཟི་བཅས་ཀྱིས་ཐུན་མོང་སྒོས་གསར་འཛུགས་བྱས་པ་ཞིག་རེད། དེས་གཙོ་བོ་ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ཐོན་ལས་ཚོགས་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་དང་འཕེལ་རྒྱས་གསར་བའི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ། “ལྔ་བཞིའི་འཐབ་ཇུས”ལག་བསྟར་དོན་འཁྱོལ་བྱེད་པ། ནུས་ཤུགས་གང་ཡོད་སྒོས་ཁམས་རའིA4རིམ་པའི་ལྗོངས་ཁུལ་གྱི་ཁྱད་ལྡན་ཡུལ་སྐོར་རྣམ་གྲངས་གསར་སྐྲུན་བྱས་ནས་རང་ཞིང་གི་ཡུལ་སྐོར་ཐོན་ལས་དེ་རྒྱུ་སྤུས་ཚད་ལྡན་ཅན་ལ་འཕེལ་རྒྱས་སུ་གཏོང་བའི་ཐད་ཚོད་ལྟའི་རང་བཞིན་གྱི་བྱ་འགུལ་ཐེངས་ཤིག་སྤེལ་བ་ཡང་ཡིན།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་དཔོན་གཞོན་པ་ཞའོ་ཧྥེ་ཧུའུ་ཡིས་བསྟན་དོན། ཁམས་ར་ལྗོངས་ཁུལ་ལ་གྱེན་འཕུར་ཚོད་ལྟའི་གནམ་གྲུ་བཏང་པ་དེ་ནི། རང་ཞིང་གི་གྱེན་འཕུར་གནམ་གྲུའི་བར་སྣང་ནས་ཡུལ་སྐོར་བྱེད་པའི་ཚོད་ལྟའི་རྣམ་གྲངས་ཤིག་ཡིན་ལ། དེས་ཁམས་ར་ནི་མ་འོངས་པར་རང་ཞིང་གི་བར་སྣང་ནས་ཡུལ་སྐོར་བྱེད་པའི་ལྗོངས་ཁུལ་ཐོག་མ་རུ་འགྱུར་རྒྱུ་ཡིན་པ་མཚོན་ཡོད། ཁོས་བཤད་རྒྱུར། བར་སྣང་ནས་ཡུལ་སྐོར་བྱེད་པའི་རྣམ་གྲངས་ལག་བསྟར་གྱིས་བར་སྣང་གི་བརྒྱུད་ལམ་གསར་གཏོད་བྱས་ཤིང་། ཡང་གཅིག་བཤད་ན་ཁམས་རའི་ཡུལ་སྐོར་ཐད་ཀྱི་དཀའ་ཁག་མང་པོ་ཞིག་ཀྱང་བརྟོལ་བར་བྱས། ཞིང་ཆེན་ཡོངས་ནས་ཐོག་མར་ཆུ་ནང་སྐམ་སའི་མཐོང་ཡངས་ནས་མཛེས་ལྗོངས་ལ་རོལ་ཆོག་པའི་རྣམ་པ་ཞིག་གསར་དུ་ཕྱེས་པ་རེད། འདི་ནི་ཁམས་རའི་ཡུལ་སྐོར་ཐོན་ལས་དེ་གནས་བབ་གསར་བ་དང་རྣམ་པ་གསར་བ་ལ་སྤོ་བའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན་པས། སྔར་ལས་ལྷག་པའི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ཚོགས་ཆེན་དང་ཁུལ་ཡོངས་ཀྱི་རིག་གནས་ཡུལ་སྐོར་གཉིས་མཉམ་བསྲེས་འཕེལ་རྒྱས་སུ་གཏོང་བའི་ཚོགས་ཆེན་གྱི་དགོངས་དོན་ལ་མེ་ཏོག་གི་འདབ་མ་ལྷུག་པོར་བཞད་པའི་བྱེ་བྲག་གི་མཚོན་སྟངས་ཤིག་ཀྱང་ཡིན་པས། ཁམས་རའི་མཛེས་ལྗོངས་དེ་རིམ་འཕར་སྒོས་ཡུལ་སྐོར་གྱི་ནང་དོན་ཕུན་སུམ་ཚོགས་པས། ཡུལ་སྐོར་ལྗོངས་ཁུལ་ཐད་ལ་བྱེ་བྲག་གི་དོན་སྙིང་གལ་ཆེན་ལྡན་ཡོད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།