ལིས་ཀྲན་ཧྲུའུ་ཡིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པ་གྲོལ་བའི་མཛད་སྒོར་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཚེས་བཅུ་ཉིན་གྱི་ཕྱི་དྲོར་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པ་གྲོལ་བའི་མཛད་སྒོར་འགོ་འཛིན་མཛད། གྲོས་ཚོགས་ཀྱི་འབྲེལ་ཡོད་བརྡས་གཅོད་དོན་དག་ཡོངས་འགྲུབ་བྱས་རྗེས། ལིས་ཀྲན་ཧྲུའུ་ཡིས་གསུང་བཤད་གནང་།

ལིས་ཀྲན་ཧྲུའུ་ཡིས་གསུངས་རྒྱུར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་དོན་སྒྲིག་སྲོལ་གྱི་གཏན་ཁེལ་ལྟར་དུ། བྱ་བའི་དགོས་མཁོར་བསྟུན་ནས་ཐེངས་འདིའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་པ་ནི། བྱ་སྤྱོད་ངོ་མས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དང་རྒྱལ་ཡོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དྲིལ་སྒྲོག་དང་ལག་བསྟར་དོངས་འབེབས་བྱེད་པ་དང་། ཏང་ཀྲུང་དབྱང་གི་བཙོག་བཟོ་འགོག་བཅོས་ཀྱི་མཁྲེགས་གཏོར་འཐབ་འཛིང་སྔར་ལས་བཟང་པོར་སྤེལ་བའི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པར་ཕྱོགས་ཡོངས་ནས་ཤུགས་སྣོན་པའི་ཐད་དུ་དམངས་ཀྱི་ནུས་ཤུགས་འབུལ་རྒྱུའི་ཆེད་ཡིན་ཟེར།

ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། གྲོས་ཚོགས་ནས་མཁའ་དབུགས་བཙོག་བཟོ་འགོག་བཅའ་ཁྲིམས་ཀྱི་ཁྲིམས་འཛིན་ཞིབ་བཤེར་སྙན་ཞུ་ལ་ཉན་ནས་གྲོས་ཞིབ་བྱས་པར་མ་ཟད། གྲོས་ཞིབ་སྙན་ཞུ་དང་སྦྲེལ་ནས་ཆེད་དམིགས་འདྲི་རྩད་བྱས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་ཁྲིམས་འཛིན་ཞིབ་བཤེར་ཚན་ཁག་གི་བྱ་བར་ཁས་ལེན་གང་ལེགས་བྱས་པ་དང་། ཁྲིམས་འཛིན་ཞིབ་བཤེར་སྙན་ཞུ་ལ་གཅིག་གྱུར་སྒོས་འཐད་པ་བྱུང་། ཚང་མས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། མཁའ་དབུགས་བཙོག་བཟོ་འགོག་བཅོས་བཅའ་ཁྲིམས་སོགས་ཁྲིམས་ལུགས་དང་ལམ་ལུགས་དངོས་འབེབས་ནན་མོ་བྱས་ནས། སྲིད་གཞུང་དང་ཁེ་ལས། སྤྱི་ཚོགས་ཡོངས་ཀྱིས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་སྔར་ལས་བརྟན་པོར་འཛུགས་པ་དང་། ཁྲིམས་སྐྱོང་གི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། རང་རྟོགས་ཀྱིས་ཁྲིམས་ལྟར་མཁའ་དབུགས་བཙོག་བཟོ་འགོག་བཅོས་བྱེད་པ་བཅས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན་ཟེར།

ལིས་ཀྲན་ཧྲུའུ་ཡིས་གསུངས་བཤད། གྲོས་ཚོགས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་ཏེ་བཙོག་བཟོ་འགོག་བཅོས་ཀྱི་མཁྲེགས་གཏོར་འཐབ་འཛིང་བཟང་པོར་སྤེལ་བའི་གྲོས་ཆོད་བཏོན་པ་ནི་དགོས་མཁོ་ཧ་ཅང་ཆེ་ལ་དུས་བབ་དང་ཧ་ཅང་མཐུན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ། ཕྱོགས་སོ་སོས་གྲོས་ཆོད་དེ་ལག་བསྟར་ནན་མོ་བྱས་ཏེ། ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་འོག་ཏུ། སྐྱེ་ཁམས་དཔལ་ཡོན་མ་ལག་མྱུར་དུ་འཛུགས་པ་དང་། ལྗང་མདོག་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཁོར་ཡུག་གི་གནད་དོན་འབུར་ཐོན་ཧུར་ཐག་གིས་ཐག་གཅོད་པ། ཁྲིམས་ལྟར་བཙོག་བཟོ་འགོག་བཅོས་ཀྱི་མཁྲེགས་གཏོར་འཐབ་འཛིང་བཟང་པོར་སྤེལ་བ་བཅས་བྱས་ཏེ། མི་དམངས་ཀྱི་ཉིན་རེར་འཕར་བཞིན་པའི་མཛེས་སྡུག་སྐྱེ་ཁམས་ཁོར་ཡུག་གི་དགོས་མཁོ་རྒྱུན་ཆད་མེད་པར་བསྐངས་ནས། མཛེས་སྡུག་གི་ཀྲུང་གོ་མྱུར་དུ་འཛུགས་སྐྲུན་བྱེད་དགོས་ཟེར།