ཝང་ཞོན་གྱིས་གྲོས་གཞི་གལ་ཆེན་བསྒྲུབ་པ་ལ་ལྟ་སྐུལ་གནང་སྐབས་བསམ་ཚུལ་གལ་ཆེན་བཏོན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན།  ཉེ་སྔོན།  ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞོན་གྱིས་ཞིང་ཆེན་སྲིད་གྲོས་ཀྱི་གྲོས་གཞི་གལ་ཆེན་བསྒྲུབ་པར་ལྟ་སྐུལ་བྱེད་པའི་ཚན་ཆུང་གི་སྣེ་ཁྲིད་དེ།  ཞིང་བཟོ་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁག་གིས་བཏོན་པའི《རྒན་རྒོན་ཁེར་འདུག་གམ་ཧོན་ལོག་ཚར་བའི་བགྲེས་སོང་སྡོད་ཁུལ(ཁྱིམ་ཚང)གྱི་སྨན་བཅོས་འཐུས་ཚང་ཐད་ཀྱི་གྲོས་གཞི།》ལ་ལྟ་སྐུལ་བྱས་པ་རེད།

ལྟ་སྐུལ་ཚན་ཆུང་གིས་ཟི་ལིང་གྲོང་ཁྱེར་ཤང་གི་ལེ་ལ་སྡེ་ཁུལ་གྱི་ཉིན་མོའི་བདག་སྐྱོང་ལྟེ་གནས་དང་། མང་ཚོགས་སྲུང་ལམ་ཧྥོ་ཁང་སྨན་བཅོས་རྒན་གསོ་ཁང་གཉིས་སུ་ཡུལ་དངོས་ལྟ་ཞིབ་བྱས་པ་དང་།  ཉིན་མོའི་བདག་སྐྱོང་ལྟེ་གནས་དང་སྨན་བཅོས་རྒན་གསོ་ཁང་གི་བཀོད་སྒྲིག་གནས་ཚུལ་དང་འཁོར་སྐྱོད་རྣམ་པ། དངུལ་བསྡུ་ཚད་གཞི།  ཞབས་ཞུ་འདོན་སྤྲོད་དང་རྒན་པའི་དགོས་མཁོའི་གནས་བབ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་པ་དང་།    གྲོས་གཞི་འདོན་མཁན་གྱི་གྲོས་གཞི་འདོན་པའི་རྒྱབ་ལྗོངས་དང་། སྡོད་ཁུལ་གྱི་རྒན་གསོ་ཞབས་ཞུ་བཅས་ཁྲོད་གནས་པའི་གནད་དོན་དང་ལས་ཀའི་བསམ་ཚུལ་ལ་ཉན།  ཞིང་ཆེན་དམངས་སྲིད་ཐིན་སོགས་སྒྲུབ་འགན་འཁུར་བའི་སྡེ་ཁག་གིས་གྲོས་འདོན་གྱི་ད་ལྟའི་གནས་བབ་དང་ལས་རྗེས་མའི་འཆར་གཞི་ངོ་སྤྲོད་བྱས་པ་རེད།

ཝང་ཞོན་གྱིས་བསྟན་དོན། སྒྲུབ་འགན་འཁུར་བའི་སྡེ་ཁག་གིས་གྲོས་གཞི་སྒྲུབ་པའི་ཁྲོད་དུ།  གྲོས་གཞི་ཐད་ཀྱི་བསམ་འཆར་ལ་དབྱེ་ཞིབ་ནན་མོ་བྱས་པ་དང་།  ཁ་གཏད་རང་བཞིན་ལྡན་པའི་སྒོ་ནས་ཐག་གཅོད་བྱེད་ཐབས་བཏོན་ཞིང་། ཉམས་མྱོང་སྤྱིི་བསྡོམས་ཀྱི་རྨང་གཞིའི་སྟེང་། སྨན་བཅོས་དང་རྒན་གསོ་ཟུང་འབྲེལ་གྱི་བྱ་བའི་མ་དཔེ་གསར་དུ་བཏོད་དེ། སྨན་བཅོས་དང་རྒན་གསོ་ཟུང་འབྲེལ་གྱི་དཔེ་སྟོན་ས་ཚིགས་དང་།    “འཕྲུལ་ནུས་ཅན”གྱི་རྒན་གསོའི་གཞི་གྲངས་སྟེགས་བུ་བཙུགས་ཏེ། ཞིང་ཆེན་ཡོངས་ཀྱི་སྨན་བཅོས་དང་རྒན་གསོ་ཟུང་འབྲེལ་གྱི་བྱ་བ་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བ་ཡིན་ཟེར། ཁོ་མོས་སྒྲུབ་འགན་འཁུར་བའི་སྡེ་ཁག་གིས་མཐུན་སྦྱོར་བརྗེ་རེས་ལ་སྔར་ལས་ཤུགས་སྣོན་དང་བྱ་བའི་བྱེད་ཐབས་འཐུས་ཚང་དུ་བཏང་སྟེ། གྲོས་གཞི་སྒྲུབ་པའི་ཐད་ནས་གྲུབ་འབྲས་བཟང་པོ་ལེན་པར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན་པ་རེད།

ཁོ་མོས་ནན་གྱིས་བསྟན་དོན། རྒན་རྒོན་ཁེར་འདུག་གམ་ཧོན་ལོག་ཚར་བའི་བགྲེས་སོང་སྡོད་ཁུལ་གྱི་སྨན་བཅོས་གསོ་སྐྱོང་བྱ་བ་ལེགས་པོ་བསྒྲུབ་དགོས་ན།  བཀོལ་སྤྱོད་རུང་བའི་རྩེ་རིམ་ཇུས་འགོད་བཟོས་ནས་འབྲེལ་ཡོད་ཚད་གཞི་འཐུས་ཚང་དང་། སྡེ་ཁག་མཉམ་འགུལ་ཐོག་གཞོགས་འདེགས་བྱས་ཏེ།   སྲིད་ཇུས་དོན་འཁྱོལ་བཟང་བོ་བྱེད་དགོས།  ཞབས་ཞུ་སྤུས་ཚད་མཐོ་རུ་བཏང་སྟེ།   རྒན་པའི་རིམ་པ་མི་འདྲ་བའི་དགོས་མཁོར་གཞིགས་ནས་སྣ་མང་ཅན་གྱི་ཞབས་ཞུ་འདོན་སྤྲོད་བྱེད་དགོས། སྲིད་ཇུས་ཀྱི་དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་སྣོན་ཏེ། མི་དེ་བས་མང་པོར་སྲིད་ཇུས་ཤེས་སུ་འཇུག་པ་དང་། དེའི་ཁྲོད་ནས་ཕན་པ་ཐོབ་པར་བྱེད་དགོས་ཟེར།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།