མཚོ་སྔོན་གྱི་རྒྱལ་ཁབ་རིམ་པའི་གནམ་གཤིས་བརྟག་དཔྱད་ས་ཚིགས13ཀྲུང་གོའི་ལོ་བརྒྱའི་གནམ་གཤིས་བརྟག་དཔྱད་ས་ཚིགས་སྐོར་ཁག་དང་པོར་འདེམས་པ།

ཟླ7པའི་ཚེས10ཉིན་ལ་ཤིན་ཧྭ་གསར་འགྱུར་ཁང་གིས་ཟི་ལིང་ནས་སྤེལ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གནམ་གཤིས་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཀྲུང་གོའི་གནམ་གཤིས་ཅུའུ་ཡིས་ཉེ་སྔོན་གཞུང་ཡིག་བཏོན་ནས་ཀྲུང་གོའི་ལོ་བརྒྱའི་གནམ་གཤིས་ས་ཚིགས་ཁག་དང་པོའི་གཏན་འབེབས་བྱས་པའི་མཇུག་འབྲས་ཡོངས་བསྒྲགས་བྱས་པ་རེད། དེའི་ནང་མཚོ་སྔོན་ཞིང་ཆེན་གྱི་རྨ་སྟོད་དང་། ཆུ་དམར་ལེབ་སོགས་རྒྱལ་ཁབ་རིམ་པའི་གནམ་གཤིས་བརྟག་དཔྱད་ས་ཚིགས13ཀྲུང་གོའི་ལོ་བརྒྱའི་གནམ་གཤིས་ས་ཚིགས་སུ་འདེམས་ཐོན་བྱུང་བ་རེད།

རང་རྒྱལ་གྱི་གནམ་གཤིས་ས་ཚིགས་ཀྱི་དུས་ཡུན་རིང་པོའི་སྲུང་སྐྱོང་དང་གནམ་གཤིས་མི་ཆོས་དང་། ཚན་རྩལ། ལོ་རྒྱུས་ཀྱི་རྒྱུན་འཛིན་བཅས་ལ་ཤུགས་སྣོན་བྱ་རྒྱུ་དང་། ཀྲུང་གོའི་གནམ་གཤིས་ཅུའུ་ཡིས《ཀྲུང་གོའི་ལོ་བརྒྱའི་གནམ་གཤིས་བརྟག་དཔྱད་ས་ཚིགས་གཏན་འཁེལ་བྱེད་ཐབས》སྒྲིག་འཛུགས་གཏན་འབེབས་བྱས་པ་མ་ཟད། ད་དུང2018ལོར་ངོས་འཛིན་གྱི་ལས་དོན་སྤེལ། ཉེ་སྔོན་ཀྲུང་གོའི་གནམ་གཤིས་ཅུའུ་ཡིས་ཀྲུང་གོའི་ལོ་བརྒྱའི་གནམ་གཤིས་ས་ཚིགས་ངོས་འཛིན་མཇུག་འབྲས་ཡོངས་བསྒྲགས་བྱས་པ་དང་། རྒྱལ་ཡོངས་ཀྱི་གནམ་གཤིས་ས་ཚིགས་བསྡོམས་པའི 433དེ་ཀྲུང་གོའི་ལོ་བརྒྱའི་གནམ་གཤིས་ས་ཚིགས་སུ་ངོས་འཛིན་གཏན་འབེབས་བྱས་པ་རེད།

མཚོ་སྔོན་ཞིང་ཆེན་གྱི་ས་ཁོངས་སུ་བསྡོམས་པའི་ས་ཚིགས13 ཀྲུང་གོའི་ལོ་བརྒྱའི་གནམ་གཤིས་བརྟག་དཔྱད་ས་ཚིགས་ཀྱི་མིང་ཐོ་ནང་བཅུག་ཡོད་པ་དང་། ( ལོ་ལྔ་བཅུ་ས་ཚིགས) དང་། དེའི་ནང་དུ་རྨ་སྟོད་དང་། རྐང་ཚ། ལེང་ཧུའུ། བྲག་དཀར།  དར་ལག གཅིག་སྒྲིལ། འབྲོང་ལུང་བཅས་ས་གནས་ཀྱི་རྒྱལ་ཁབ་ཚད་གཞིའི་གནམ་གཤིས་བརྟག་དཔྱད་ས་ཚིགས7 དང་། ཆུ་དམར་ལེབ་དང་། མདོ་ལ།  ཐོ་ལི་བཅས་རྒྱལ་ཁབ་ཚད་གཞི་རྩའི་གནམ་གཤིས་ས་ཚིགས3།  ཡ་རྫི། ཐེམ་ཆེན། འབྲི་སྟོད་བཅས་རྒྱལ་ཁབ་ཀྱི་གནམ་གཤིས་བརྟག་དཔྱད་ས་ཚིགས3བཅས་འདུས་ཡོད།

ངོ་སྤྲོད་བྱས་པ་ལྟར་ན། ཀྲུང་གོའི་ལོ་བརྒྱའི་གནམ་གཤིས་བརྟག་དཔྱད་ས་ཚིགས་ནི་དུས་ཡུན་རིང་པོར་མུ་མཐུད་དུ་བརྟག་དཔྱད་ཚད་ལེན་བྱེད་ཐུབ་པའི་གནམ་གཤིས་ས་ཚིགས་ཡིན། དེ་ལོ་བརྒྱའི་ས་ཚིགས། ལོ་བདུན་བཅུ་དོན་ལྔའི་ས་ཚིགས། ལོ་ལྔ་བཅུའི་ས་ཚིགས་བཅས་རིགས་གསུམ་ལ་བཀར་ནས་གཏན་འཁེལ་བྱས་ཡོད་ལ། ས་ཚིགས་འཛུགས་སྐྲུན་བྱས་པའི་དུས་ཚོད་དང་། བརྟག་དཔྱད་ཚད་ལེན་གཞི་གྲངས་ཀྱི་ཆ་ཚང་རང་བཞིན། ས་ཁོངས་མཚོན་བྱེད་རང་བཞིན་སོགས་ཀྱི་ཐད་ནས་བབ་མཐུན་གྱི་ཁས་ལེན་ཆ་རྐྱེན་བསྐང་དགོས་པ་རེད། ངོས་འཛིན་བྱེད་པའི་ལས་དོན་དེ་ལོ་གཉིས་རེར་ཐེངས་རེ་བྱེད་ཀྱིན་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གནམ་གཤིས་གཙོ་སྐྱོང་ལས་ཁུངས་ཀྱིས་ལོ་བརྒྱའི་ས་ཚིགས་ཀྱི་མིང་ཐོའི་ནང་དུ་ཚུད་པའི་ས་ཚིགས་ཀྱི་བརྟག་དཔྱད་ཚད་ལེན་བྱེད་སའི་ཁོར་ཡུག་སྲུང་སྐྱོང་དང་། གནམ་གཤིས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་དང་འབྲེལ་བ་ཡོད་པའི་ལས་གཞིར་སྔོན་ནས་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པར་བསྟན།

མཚོ་སྔོན་ཞིང་ཆེན་གནམ་གཤིས་ལས་ཁུངས་ཀྱི་འབྲེལ་ཡོད་འགན་འཁུར་བས། མ་འོངས་པར་སྔར་ལས་ལྷག་པའི་སྒོ་ནས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། ལོ་བརྒྱའི་གནམ་གཤིས་བརྟག་དཔྱད་ས་ཚིགས་ཀྱི་ལྟ་དཔྱད་ཚད་ལེན་གྱི་གཞི་གྲངས་བེད་སྤྱོད་དང་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་དགོས་པ་བསྟན་ཞིང་། ལོ་བརྒྱའི་གནམ་གཤིས་བརྟག་དཔྱད་ས་ཚིགས་ཀྱི་ལོ་རྒྱུས་དང་དངོས་ཡོད་ཀྱི་དོན་སྙིང་སྔོག་འདོན་གཏིང་ཟབ་དང་། ལོ་བརྒྱའི་གནམ་གཤིས་ས་ཚིགས་ཀྱི་མི་ཆོས་དང་ཚན་རྩལ་ནང་དོན་ལ་རྒྱུན་འཛིན་དང་འཕེལ་རྒྱས་སུ་བཏང་སྟེ། མུ་མཐུད་དུ་ལོ་བརྒྱའི་གནམ་གཤིས་བརྟག་དཔྱད་ས་ཚིགས་ཀྱི་བཀོལ་སྤྱོད་རིན་ཐང་ཇེ་མཐོར་གཏོང་བརྒྱུད།  དཔལ་འབྱོར་སྤྱི་ཚོགས་དང་གནམ་གཤིས་ཀྱི་བྱ་གཞག་གོང་དུ་སྤེལ་བར་འདེགས་སྐྱོར་ནུས་ལྡན་འདོན་སྤེལ་བྱ་རྒྱུ་རེད་ཞེས་བཤད།

ལོ་ཙཱ་བ། གཡང་སྐྱིད།