གླིང་ཁུལ་ཁེ་ལས་ཀྱིས་ཚན་རྩལ་གསར་གཏོད་སྐོར་གྱི་གསོ་སྦྱོང་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཞིང་ཆེན་ཡོངས་ཀྱི་གླིང་ཁུལ་གསར་གཏོད་ཀྱི་སྒུལ་ཤུགས་སྔར་བས་འདོན་སྤེལ་དང་། གླིང་ཁུལ་གྱི་ཚན་རྩལ་གསར་གཏོང་དང་གྲུབ་འབྲས་གཞན་སྒྱུར་ཡོང་བར་ཇེ་མགྱོགས་སུ་གཏང་ཆེད། ཉེ་ཆར།  མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིང་གིས་མཉམ་འབྲེལ་ཐོག་ཚྭ་འདམ་གཞོང་གི་རྒྱུན་འཁོར་དཔལ་འབྱོར་ཚོད་ལྟའི་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་དང་མཉམ་འབྲེལ་ཐོག གཏེར་ལེན་ཁ་གྲོང་ཁྱེར་ནས་ཚན་རྩལ་གསར་གཏོད་ཀྱི་སྲིད་ཇུས་དང་ཞིང་ཆེན་རིམ་པའི་ཚན་རྩལ་འཆར་འགོད་ལས་གཞི་དོ་དམ་བྱེད་པའི་གསོ་སྦྱོང་འཛིན་གྲྭ་བཙུགས་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། གསོ་སྦྱོང་སྟེང་གདན་འདྲེན་བྱས་པའི་ཆེད་མཁས་པས་མཚོ་སྔོན་ཞིང་ཆེན་གྱི“ ལོ་ལྔའི་འཆར་གཞི་བཅུ་གསུམ་པའི” ཚན་རྩལ་གསར་གཏོད་འཆར་འགོད་དང་།  ཚན་རྩལ་ཅན་གྱི་ཁེ་ལས“ ལྡབ་གཉིས་འཕར་བ” དང་དེ་བཞིན་ཚན་རྩལ་གྱད་མི་ཆུང་ངུའི་ཁེ་ལས་གསོ་སྐྱོང་འཆར་གཞི། ཚན་རྩལ་གཟིགས་སྐྱོང་སྲིད་ཇུས། ཁེ་ལས་ཀྱི་ཞིབ་འཇུག་དང་ཚོད་ལྟའི་འཕེལ་རྒྱས་གཏོང་བར་དངུལ་འཇོག ཞིང་ཆེན་རིམ་པའི་ཚན་རྩལ་འཆར་འགོད་རྣམ་གྲངས་དང་འགྲོ་གྲོན་དོ་དམ། ཞིང་ཆེན་ཚན་རྩལ་དོ་དམ་གྱི་ཆ་འཕྲིན་མ་ལག་སྤྱི་པའི་ཞབས་ཞུའི་ལས་སྟེགས་བཀོལ་སྤྱོད་ལས་གཞི་རེ་ཞུ་དང་ཞིབ་བཤེར་རྩིས་ལེན་སོགས་ཀྱི་ནང་དོན་ལ་དམིགས་ནས་བརྒྱུད་རིམ་ལྡན་པའི་སྒོ་ནས་གསལ་འགྲེལ་དང་ཟུར་ཁྲིད་བྱས་པ་རེད། དོ་དམ་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་སྡེ་ཚན་དང་དེ་བཞིན་ན་གོར་མོ་གྲོང་ཁྱེར་དང་། གཏེར་ལེན་ཁ་གྲོང་ཁྱེར།  ཚྭ་འདམ་གཞོང་།  དབུས་ལམ་བཅས་བཟོ་ལས་གླིང་བཞིའི་གཙོ་གནད་ཁེ་ལས68ནས་ཡོང་བའི་འབྲེལ་ཡོད་མི་སྣ120 ལྷག་གསོ་སྦྱོང་ནང་དུ་ཞུགས་པ་རེད། གསོ་སྦྱོང་བདེ་བླག་ངང་སྤེལ་བས་ཚྭ་འདམ་གཞོང་གི་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟ་ཁུལ་གྱི་གསར་གཏོད་སྐུལ་ཁྲིད་ཀྱི་འཐབ་ཇུས་གང་མགྱོགས་ལག་བསྟར་བྱ་རྒྱུའི་ཐད་སྐུལ་འདེད་བཏང་བ། གླིང་ཁུལ་ཁེ་ལས་ཀྱི་གསར་གཏོད་བྱེད་པོའི་གསོན་ཤུགས་སྐུལ་སྤེལ་གཏིང་ཟབ་བཏང་ནས། ཚོད་ལྟ་ཁུལ་འཛུགས་སྐྲུན་བྱ་རྒྱུ་དང་དེ་བཞིན་འཁོར་སྐྱོད་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་པས། ཚོད་ལྟ་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཁས་ལེན་ཐོབ་པ་རེད།

ངོ་སྤྲོད་བྱས་པ་ལྟར་ན །མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིང་གིས་་ཚན་རྩལ་ཁྱབ་ཁོངས་ཀྱི“ སྒོ་འབྱེད།  དོ་དམ་། ཞབས་ཞུ” བཅས་ཀྱི་བཅོས་བསྒྱུར་ལ་མུ་མཐུད་ཟབ་སྤེལ་བྱ་རྒྱུ་དང་། ལས་ཀའི་བྱ་ཐབས་གསར་གཏོད་དང་ལས་ཀའི་སྤྱོད་ཚུལ་བསྒྱུར་ནས།  སྔར་ལས་ཀྱང་གཞི་རིམ་གང་མང་གི་ལས་ཀ་དང་པོའི་གནས་སུ་སོང་ནས།  སྡེ་ཁག་ཅི་རིགས་ཀྱི་གསར་གཏོད་ཀྱི་གསོན་ཤུགས་གཙོ་བོ་སྔར་ལས་འདོན་སྤེལ་བྱས་ནས། ཞིང་ཆེན་ཡོངས་ཀྱི་གསར་གཏོད་རྣམ་པ་ཇེ་ལེགས་སུ་བསྐྲུན་དགོས་ཚུལ་བསྟན།

ལོ་ཙཱ་བ། གཡང་སྐྱིད།