ས་ཆ་ཁག་ཅིག་གི་དབུལ་སྐྱོར་ནི་རེའུ་མིག་སྐོང་བ་སོགས་ཕྱི་ཚུལ་ཙམ་དུ་གྱུར་བ།

ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ་ལྟར་ན། རྒྱལ་ཡོངས་སུ་སྤེལ་བཞིན་པའི་དབུལ་སྐྱོར་འགག་སྒྲོལ་ལས་དོན་ཁྲོད་ས་ཆ་ཁག་ཅིག་གི་དབུལ་སྐྱོར་ནི་འགོ་ཁྲིད་ཀྱིས་དོ་སྣང་བྱེད་མིན་ལ་ལྟ་བ་ལས་མི་སེར་གྱི་འདོད་བློ་ཁེངས་མིན་ལ་མི་ལྟ་བ་དང་། ཕྱི་ངོས་རྣམ་པ་ཙམ་ལས་མང་ཚོགས་ཀྱི་དོན་དངོས་དཀའ་ངལ་སེལ་མིན་ལ་བསམ་བློ་མི་གཏོང་བ་སོགས་ཕྱི་ཚུལ་ཙམ་དུ་གྱུར་ཞིང་། དབུལ་སྐྱོར་ཁྲོད་གཤམ་གསལ་གྱི་སྣང་ཚུལ་ངན་པ་ཁག་ཅིག་བྱུང་དང་འབྱུང་བཞིན་ཡོད།

དང་པོ། ཡིག་ཐོག་ཏུ་རེའུ་མིག་སྐོང་པ་ཙམ་ལས་དོན་དངོས་དབུལ་སྐྱོར་བྱེད་ཀྱི་མེད་པ།

གཉིས་པ། དབུལ་ཕོངས་དུད་ཁྱིམ་ལ་གྱོན་ཆས་གསར་པ་ཉོ་བ་དང་། ཁང་པའི་གྱང་ལ་དཀར་རྩི་བྱུགས་པ་ཙམ་ཕྱི་ཚུལ་གྱི་རོགས་རམ་ཙག་ཙིག་ལས་དོན་དངོས་སུ་ཕན་ཐོགས་པའི་དབུལ་སྐྱོར་བྱེད་ཀྱི་མེད་པ།

གསུམ་པ། གྲོང་ཚོར་བཅའ་སྡོད་བྱས་པའི་ལས་བྱེད་པ་ཉིན་རེ་བཞིན་ལས་ཀར་ཡོང་བའི་ཐོ་རྒྱག་པར་བྲེལ་དགོས་པས་དབུལ་སྐྱོར་དུ་འགྲོ་བའི་དུས་ཚོད་མེད་པ།

བཞི་བ། ཐོན་ལས་དབུལ་སྐྱོར་བྱེད་སྐབས་ཐད་ཀར་ནོར་ལུག་ཉོས་ནས་སྦྱིན་པ་ལས་མི་སེར་ལ་ཡུན་རིང་ཕན་ཐོགས་པའི་ལས་རིགས་སྦྱོང་བརྡར་སོགས་མི་བྱེད་པ།

ལྔ་བ། དབང་ཆེ་བའི་སྡེ་ཁག་གིས་དབུལ་བོར་རོགས་སྐྱོར་མི་བྱེད་པར་ཕྱུག་པོར་དབུལ་སྐྱོར་བྱེད་པ།

དྲུག་པ། མི་ཁག་ཅིག་དབུལ་བོ་མིན་ཡང་དབུལ་བོར་བརྩི་བ་དང་། ཡང་ཁག་ཅིག་དབུལ་སྒྲོལ་བྱུང་མེད་ཀྱང་དབུལ་སྒྲོལ་བྱུང་བར་བརྩི་བ་བཅས་སོ།།

སྤྱི་ཟླ་༦པའི་ཟླ་མཇུག་ཏུ། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱིས་སྣང་ཚུལ་ངན་པ་དེ་དག་ལ་སྐྱོན་བརྗོད་ཆེན་པོ་བྱས་ཡོད་ཅིང་། དབུལ་སྐྱོར་འགག་སྒྲོལ་ལས་དོན་ཁྲོད་བྱུང་བའི་ཕྱི་ཚུལ་རིང་ལུགས་སྔོན་འགོག་ཏན་ཏིག་བྱེད་དགོས་པ་དང་། དབུལ་སྐྱོར་ལས་དོན་དེ་ཁ་སྟོང་ཚིག་སྟོང་མིན་པར་བདེན་པ་བདེན་ཐུབ་བྱེད་དགོས་པའི་འབོད་སྐུལ་བྱས་འདུག