བསོད་ནམས་རིན་ཆེན་གྱིས་སྲོལ་རྒྱུན་གྱི་བོད་ཟས་ཟ་ཁང་གཉེར་བར་བརྟེན་ནས་དཔལ་འབྱོར་ཡོང་སྒོ་བཙལ་བའི་ལམ་བུ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། གཟུགས་བོངས་ཆུང་ཞིང་ཤ་མདངས་སྨུག་ནག་ཅན་གྱི་བོད་པའི་ན་གཞོན་བསོད་ནམས་རིན་ཆེན་ནི་བལྟས་ཚོད་ལ་ངོ་མཚར་རྒྱུ་ཅང་མེད་ནའང་། དེ་སྔོན་ཁོང་ལ་གུང་གཞོན་ཚོགས་པའི་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཤང་གྲོང་ཕྱུག་འགྱུར་ན་གཞོན་གྱི་མཚན་སྙན་ཐོབ་པ་དང་། ཉེ་ཆར་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་མི་རིགས་མཐུན་སྒྲིལ་སྔོན་ཐོན་ཕུལ་བྱུང་ན་གཞོན་གྱི་གཟེངས་བསྟོད་ཀྱང་ཐོབ། ཁོས་ཉེ་ཆར་ཁྱད་ལྡན་བོད་ཟས་ཁྱེར་ནས་ཀྲུང་དབྱངས་བརྙན་འཕྲིན་ཁང་གི་གར་སྟེགས་སུའང་བུད་པ་རེད།

བསོད་ནམས་རིན་ཆེན་གྱིས་ཡུལ་ཤུལ་བོད་མཁར་ཚད་ཡོད་འགན་ལེན་ཀུང་ཟི་མ་བཙུགས་སྔོན་ལ། ཟི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་དུ་ཇ་མའི་ལས་ཀ་གཉེར་མྱོང་བས་ཟས་རིགས་གཡོས་སྦྱོར་གྱི་ལག་རྩལ་བྱང་ཆ་མཐོན་པར་ལོབས།བསོད་ནམས་རིན་ཆེན་གྱིས་སྲོལ་རྒྱུན་གྱི་བོད་ཟས་ལ་དེང་རབས་ཀྱི་ཁྱད་ཆོས་ལྡན་པ་དང་། བོད་ཟས་དེ་དེང་རབས་མིའི་ཁ་འདམས་དང་འཚམ་པར་བྱ་རྒྱུའི་སྐོར་ལ་རྒྱུན་རིང་པོར་བསམ་བློ་བཏང་མྱོང་ལ། དེ་བས་ཀྱང་ཕ་ཡུལ་གྱི་བདེ་ཐང་སྤུས་ལེགས་ཀྱི་ཟས་རིགས་དག་ཕྱིར་འགྲེམ་ཇི་ལྟར་བྱ་དགོས་སྐོར་ལ་བསམ་མནོ་མང་དུ་བཏང་།

2015ལོར་བསོད་ནམས་རིན་ཆེན་ཕྱིར་ཕ་ཡུལ་ཡུལ་ཤུལ་ལ་ལོག་རྗེས་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ160ཅན་གྱི་བོད་མཁར་གྱི་ཚོང་སྒོ་ཐོག་མར་ཕྱེས། ཉེ་བའི་ལོ་འགའི་རིང་གི་དཀའ་སྤྱད་འབད་བརྩོན་དང“དམངས་ཡོངས་ཀྱིས་ལས་སྒོ་གསར་སྤེལ་དང་གསར་སྐྲུན”གྱི་རྒྱབ་སྐྱོར་བླ་མེད་འོག ད་ལོའི་ཟླ3པར། བསོད་ནམས་རིན་ཆེན་གྱིས་ཁམས་པའི་ཉམས་སྲོལ་སྲང་ལམ་གྱི་གཙང་འགྲམ་དུ་ཡན་ལག་ཁང་དང་པོ་དང་རྫ་སྟོད་རྫོང་དུ་ཡན་ལག་ཁང་གཉིས་པ་ཡང་ཕྱེས།

སྤྱི་ཚོགས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོར་འདེགས་ཕྱིན་པ་དང་བསྟུན། བོད་ཟས་ཀྱིས་འཛད་སྤྱོད་པའི་དགོས་མཁོ་ལྟར་གནའ་དེང་གི་ཟས་སྦྱོར་བྱེད་ཐབས་ཟུང་འབྲེལ་དང་བཅོས་བསྒྱུར་གང་ལེགས་བྱས་པ་དང་དུས་མཚུངས་སུ། འཚོ་བཅུད་དང་བྲོ་བ། མདོག་དང་སྤུས་ཀ་སོགས་རིག་གནས་ཀྱི་ཆ་ཕུན་སུམ་ཚོགས་པ་གསར་འདོན་བྱས་ཡོད།

ཁམས་པའི་ཉམས་སྲོལ་སྲང་ལམ་གྱི་གཙང་འགྲམ་དུ་ཡོད་པའི་བོད་མཁར་གྱི་ཡན་ལག་ཁང་དུ་སོང་ཚེ། མཛེས་བཀོད་ལྟ་ན་སྡུག་པའི་བོད་མི་རིགས་ཀྱི་བཟོ་སྐྲུན་རིག་གནས་ཀྱི་ཁྱད་ཆོས་མངོན་གསལ་དུ་མཐོང་བ་མ་ཟད། རྒྱ་ཁྱོན་ལ་སྨི་གྲུ་བཞི་མ1020ལྷག་ཡོད་པའི་བོད་མཁར་འདིས་དུས་གཅིག་ཏུ་མགྲོན་པོ400ལྷག་ལ་ཟས་དང་གར་གྱིས་སྣེ་ལེན་བྱེད་ཐུབ། ས་གནས་སྲིད་གཞུང་གིས་བོད་མི་རིགས་ཀྱི་ཟས་རིགས་འཕེལ་རྒྱས་ཀྱི་ལམ་ཁ་ཡངས་པོ་ཡོང་ཆེད། ཆུ་ལ་ཆར་གྲོགས་ཀྱི་ཚུལ་དུ་བསོད་ནམས་རིན་ཆེན་གྱི་ཡན་ལག་ཁང་འདིའི་ལོ་ངོ་ངེས་ཅན་ཞིག་གི་གླ་དངུལ་མི་དགོས་པར་རིན་མེད་ཀྱིས་མཁོ་སྤྲོད་གནང་།

བོད་མཁར་གྱིས་གསར་འགོད་པར་བཞག་པའི་བག་ཆགས་ནི་ཁང་པའི་མཛེས་བཟོ་དང་ཟས་རིགས་གཡོས་སྦྱོར། རིག་རྩལ་འཁྲབ་སྟོན་སོགས་གང་ཐད་ནས་ཀྱང་གནའ་དེང་ཟུང་འབྲེལ་གྱི་ཁྱད་ཆོས་བླ་ན་མེད་པ་མིག་གི་དགའ་སྟོན་དུ་མྱོང་ཐུབ་པ་དེ་རེད།

བསོད་ནམས་རིན་ཆེན་གྱིས་བོད་མཁར་གྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་འཆར་གྱི་ཐད་གསར་འགོད་པ་ལ།“སྲོལ་རྒྱུན་རིག་གནས་ཀྱི་ཁྱད་ཆོས་རྒྱུན་འཛིན་བྱེད་པ་དང་མཉམ་དུ་ཡུལ་སྐོར་རིག་གནས་འདོན་སྤེལ་སྒོས་ཐུན་མོང་མ་ཡིན་པའི་དམངས་སྲོལ་ཟས་རིགས་དང་གླུ་གར་རིག་གནས་ཀྱི་རྣམ་པས་མཚོ་བོད་མཐོ་སྒང་གི་མི་ཆོས་རིག་གནས་ཀྱི་མཁའ་དབུགས་ཐུན་མོང་མ་ཡིན་པ་འདི་ཡུལ་སྐོར་བ་རེ་རེའི་སེམས་ཁུངས་སུ་བརྒྱུད་སྤྲོད་བྱེད་རྒྱུ་དེའོ།།”ཞེས་བཤད།

ལོ་ཙཱ་བ། ཀླུ་མོ།