ཀན་སུའུ་དང་མཚོ་སྔོན་གཉིས་ཀྱིས་དུག་འགོག་མཉམ་ལས་བྱ་བར་ཤུགས་བསྣན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ7པའི་ཚེས10ཉིན། མཚོ་ཤར་གྲོང་ཁྱེར་སྤྱི་བདེ་ཅུའུ་དུག་འགོག་ཡན་ལག་རུ་ཁག་དང་གཞོང་ཐང་རྫོང་སྤྱི་བདེ་ཅུའུ་དུག་འགོག་རུ་ཁག་གཉིས་ཀྱིས་དུག་འགོག་ལས་སྒོའི་ཐད་ཀྱི་གསོ་སྦྱོང་དང་སྐུལ་སྤེལ་ཚོགས་འདུ་བསྡུས།

བཞུགས་མོལ་ཚོགས་འདུ་དང་ཡུལ་དངོས་བལྟ་ཞིབ་སོགས་ཀྱི་རྣམ་པར་བརྟེན་ནས། ཀན་སུའུ་ཞིང་ཆེན་ལན་ཀྲི་གྲོང་ཁྱེར་ཧོང་ཀུའུ་ཆུས་ཉེན་རྟོག་ཕྱོགས་དང་དུག་འགོག་མཉམ་ལས་གླེང་མོལ་གཏིང་ཟབ་སྤེལ་བ་དང་།ས་ཁུལ་འདི་གཉིས་ཀྱི་དུག་འགོག་ཁྲིམས་འཛིན་གྱི་མཉམ་འབྲེལ་ལས་དོན་དེ་རྒྱུན་ལྡན་རང་བཞིན་དང་ལམ་ལུགས་ཅན། ཚད་ལྡན་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བྱས་ཏེ། དུག་འགོག་ས་ཁོངས་མཉམ་ལས་བྱ་བར་གྲུབ་འབྲས་མངོན་གསལ་བླངས།

ཤེས་གསལ་ལྟར་ན། ད་ཆ། མཚོ་ཤར་གྲོང་ཁྱེར་དུ་ཐོ་འགོད་བྱས་ཡོད་པའི་དུ་ནག་འཐེན་པའི་མི2820ཟིན་ཡོད་ཅིང་།   དེའི་ཁྲོད་དུ་གཞོང་ཐང་རྫོང་གི་དུག་འཐེན་མི1279ཡོད།  2014ལོ་ནས2017ལོའི་བར་མཚོ་ཤར་གྲོང་ཁྱེར་གྱིས་དུག་རྫས་དང་འབྲེལ་བའི་ཉེས་དོན118རྩད་ཆོད་བྱས་ཤིང་། གཞོང་ཐང་རྫོང་གིས་ཉེས་དོན52རྩད་ཆོད་བྱས།

རྒྱུས་ལོན་བྱས་པ་ལྟར་ན།  གཞོང་ཐང་རྫོང་གི་ས་བབ་དམིགས་བསལ་གྱི་རྐྱེན་ཀྱིས་གཞོང་ཐང་རྫོང་དང་ཀན་སུའུ་ཞིང་ཆེན་གྱི་དུག་འཐེན་མི་སྣ་འདུས་སྡོད་བྱེད་སར་གྱུར་ཅིང་མི་གྲངས་ཀྱང་ཉིན་རེ་བཞིན་ཇེ་མང་དུ་འཕར་བཞིན་ཡོད་པས། ས་ཁུལ་དེ་གཉིས་ཀྱི་སྤྱི་ཚོགས་བདེ་སྲུང་ལ་གནོད་པ་ཚབས་ཆེན་ཐེབས་པ་དང་། དུག་རྫས་ཀྱི་ཉེན་ཁའང་ཇེ་ཆེར་འགྲོ་བཞིན་ཡོད།    ད་ཆ། གཞོང་ཐང་རྫོང་གིས་དུག་འགོག་ལས་དོན་ས་ཚིགས5བཙུགས་ཡོད་མོད། ལས་མི་རྣམས་ཀྱི་ཆེད་ལས་ཤེས་བྱ་ཞན་པ་སོགས་ཀྱིས་ལས་དོན་ས་ཚིགས་ལྔའི་གྲུབ་འབྲས་ཅུང་ཞན།  དེ་བས་ཐེངས་འདིའི་དུག་འགོག་གསོ་སྦྱོང་གི་སྐུལ་འདེད་ཚོགས་འདུ་བསྡུས་པ་ལ་ཕྱོགས་གང་ཅིའི་ཐད་ནས་དོན་སྙིང་ཆེན་པོ་ལྡན།

ཚོགས་འདུ་གྲོལ་རྗེས་མཚོ་ཤར་གྲོང་ཁྱེར་གྱི་ཤང་དང་གྲོང་རྡལ22ཀྱི་དུག་འགོག་མི་སྣ་དག་ཀན་སུའུ་ཞིང་ཆེན་ལན་ཀྲི་གྲོང་ཁྱེར་དུ་སོང་ནས་དུག་འགོག་དང་ལུས་གསོ། སྔོན་ཐོན་ལག་རྩལ་དང་ཉམས་མྱོང་སོགས་ཀྱི་ཐད་ནས་གསོ་སྦྱོང་བྱས་ཤིང་།  བཞུགས་མོལ་ཚོགས་འདུ་གྲོལ་རྗེས་ཕྱོགས་གཉིས་ཀྱི་ཉེན་རྟོག་རུ་ཁག་གིས་རྗེས་ཕྱོགས་མུ་མཐུད་དུ་མཉམ་འབྲེལ་སྒོས་དུག་འགོག་ལས་དོན་ཐད་ལ་ཤུགས་སྣོན་བྱེད་པ་དང་། དུག་འགོག་ལས་དོན་དང་དུག་འགོག་གནས་ཚུལ་སོགས་ཀྱི་ཉམས་མྱོང་བརྗེ་རེས་བྱས་ཏེ། ཞིང་ཆེན་གཉིས་ཀྱི་དུག་འགོག་ལས་དོན་ཐག་གཅོད་བྱེད་པར་མུ་མཐུད་དུ་མཉམ་འབྲེལ་བྱ་རྒྱུ།

ལོ་ཙཱ་བ། ཀླུ་མོ།