ལིག་ཕན་རི་བོ་ས་ཁུལ་སྲིད་གྲོས་ཀྱི་གནད་འཁེལ་དབུལ་སྐྱོར་བྱ་བའི་བརྗེ་རེས་སྐུལ་སྤེལ་ཚོགས་འདུའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ7པའི་ཚེས10ཉིན་གྱི་ཕྱི་དྲོར། ལིག་ཕན་རི་བོ་ས་ཁུལ་སྲིད་གྲོས་ཀྱི་གནད་འཁེལ་དབུལ་སྐྱོར་བྱ་བའི་བརྗེ་རེས་སྐུལ་སྤེལ་ཚོགས་འདུའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས་པ་དང་།ཧྲན་ཞི་དང་ཀན་སུའུ། ཉིན་ཞ། སི་ཁྲོན། མཚོ་སྔོན་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་བཞིའི་ལིག་ཕན་རི་བོ་ས་ཁུལ་གྱི་དབུལ་ཐར་བྱ་བའི་གནས་ཚུལ་ཐད་ནས་བསམ་བློ་བརྗེ་རེས་བྱས་པ་རེད།

རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་ཆེད་དོན་ལས་དོན་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ། ཧྲན་ཞི་དང་ཀན་སུའུ། ཉིན་ཞ་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་གྱི་སྲིད་གྲོས་འགོ་ཁྲིད་ཧན་ཡུང་དང་ཨོའོ་ཡང་ཅན། ཨོའོ་ཆིན་ཕེང་། སོན་ལེ་ཡན། ཡུས་ཀི་ཧྲིན། ཁྲིན་ཆང་། ཧྲང་ཞུན་ཝུའུ། ཝང་ཙི་ཡོན་བཅས་དང་། མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་རྡོ་རྗེ་རབ་བརྟན་དང་ཡན་ཅིན་ཧའེ། ཝང་ཞའོ་ཡུང་། ཏུའུ་ཅེ་བཅས་གྲོས་ཚོགས་ལ་ཞུགས། ཝང་ཞའོ་ཡུས་ཀྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།

རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་ཨོའོ་ཆིན་ཕེང་གིས་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་དང་ལིག་ཕན་རི་བོ་ས་ཁུལ་གྱི་དབུལ་ཐར་གྲུབ་འབྲས་ལ་སྤྱི་སྡོམ་བྱས་པ་དང་། ལིག་ཕན་རི་བོ་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བའི་ཁྲོད་ཀྱི་ཉམས་ཞན་དུས་རིམ་ལ་སྐུལ་འདེད་གཏོང་བའི་ཐད་ནས་དབྱེ་ཞིབ་ཟབ་མོ་བྱས་པར་མ་ཟད། ལིག་ཕན་རི་བོ་ས་ཁུལ་གྱི་གནད་ཕིགས་དབུལ་ཐར་ལ་མཉམ་དུ་སྐུལ་འདེད་གཏོང་བའི་བསམ་ཕྱོགས་དང་བྱེད་ཐབས་མཚམས་སྦྱོར་ཞིབ་མོ་བྱས་ཡོད། ཁོས་བཤད་རྒྱུར། ལོ་གཅིག་གི་རིང་ལ། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེང་གི་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་དབུལ་ཐར་མཁྲེགས་གཏོར་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གཟབ་ནན་གྱིས་སློབ་སྦྱོང་དང་གོ་སྐབས་དམ་འཛིན། སེམས་ཤུགས་གཅིག་སྒྲིལ་བཅས་བྱས་ཏེ་བྱ་བ་སོ་སོར་བརྟན་འཇགས་སྒོས་སྐུལ་འདེད་བཏང་། ལིག་ཕན་རི་བོ་ས་ཁུལ་གྱི་གནད་འཁེལ་དབུལ་སྐྱོར་བྱ་བ་གཅིག་བསྡུས་བྱས་ཏེ་དབུལ་ཐར་བྱ་བ་སོ་སོར་སྐུལ་འདེད་བཏང་བས། ཞིང་ཆེན་དང་རང་ལྗོངས་བཞིའི་དབུལ་ཐར་ཐད་གྲུབ་འབྲས་མངོན་གསལ་བླངས་པར་མ་ཟད། སོ་སོའི་ཁྱད་ཆོས་དང་ཟུང་སྦྲེལ་སྒོས་ཉམས་མྱོང་དང་བྱེད་ཐབས་ཧ་ཅང་བཟང་པོ་ཞིག་འཚོལ་ཞིབ་དང་གསར་གཏོད་བྱས་ཏེ་དབུལ་ཐར་བྱ་བར་འཕེལ་རྒྱས་ཆེན་པོ་བྱུང་ཡོད་ཟེར།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧའེ་དང་། ཀན་སུའུ་དང་ཉིན་ཞ་གཉིས་ཀྱི་དབུལ་སྐྱོར་གཞུང་སྒྲུབ་ཁང་གི་འགན་ཁུར་བློ་མཐུན་གྱིས་སོ་སོར་རང་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་ལིག་ཕན་རི་བོ་ས་ཁུལ་གྱི་དབུལ་ཐར་བྱ་བའི་ཐད་ཀྱི་བྱེད་ཐབས་གཙོ་བོ་དང་གྲུབ་འབྲས་མཚམས་སྦྱོར་བྱས། ཡན་ཅིན་ཧའེ་ཡིས་བཤད་རྒྱུར། མཚོ་སྔོན་གྱི་ལིག་ཕན་རི་བོ་ས་ཁུལ་གྲོང་ཁྱེར2དང་རྗོང7ལ་འབྲེལ་ཡོད་པ་དང་། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི1.7ཡོད།ལོ་འདི་དག་གི་རིང་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ལིག་ཕན་རི་བོ་ས་ཁུལ་གྱི་ཁུལ་ཁོངས་ཁྱད་ཆོས་ལ་བརྟེན་ནས། “ཁུལ་ཁོངས་འཕེལ་རྒྱས་ཀྱི་དབུལ་སྐྱོར་གསར་སྤེལ་ལ་སྣེ་ཁྲིད་དང་དབུལ་སྐྱོར་གསར་སྤེལ་གྱིས་ཁུལ་ཁོངས་འཕེལ་རྒྱས་ལ་སྐུལ་སྤེལ་བྱེད་པའི”གཞི་རྩའི་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། གནད་འཁེལ་ཤུགས་འདོན་དང་འཐབ་ཇུས་འདོན་པ། ས་ཁོངས་ཧྲིལ་པོའི་དབུལ་ཐར་དང་དམངས་ཚིས་རྣམ་པ་མགྱོགས་མྱུར་ངང་ཇེ་བཟང་དུ་སོང་བ་མངོན། 2016ལོའི་ཚུན་དུ། ལིག་ཕན་རི་བོ་ས་ཁུལ་དུ་ཁྱོན་བསྡོམས་དབུལ་ཕོངས་མི་གྲངས12.4ལྷག་ཇེ་ཉུང་དུ་སོང་བ་དང་།དབུལ་ཕོངས་སུ་འགྱུར་ཚད་དེ2015ལོའི་ལོ་མཇུག་ལས་བརྒྱ་ཆའི15.2ནས་བརྒྱ་ཆའི5.6ལ་ཇེ་དམའ་རུ་སོང་། ཐེངས་རྗེས་མར། མཚོ་སྔོན་གྱིས་ཆབ་སྲིད་ལངས་གནས་སྔར་ལས་བརྟན་པོ་འཛུགས་པ་དང་དབུལ་ཐར་ལས་འགན་དམ་འཛིན་བྱས་ཏེ་ཧ་ཅང་དབུལ་ཕོངས་ཡིན་པའི་ཤང་དང་གྲོང་རྡལ་དང་དམིགས་བསལ་དབུལ་ཕོངས་མང་ཚོགས་གཙོར་བཟུང་ནས་སྲིད་ཇུས་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། གནད་དོན་དག་ཐེར་བཅོས་སྐྱོང་བྱེད་པར་ཤུགས་སྣོན་པ། ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། སྟོབས་ཤུགས་གཅིག་བསྡུས་དང་བྱ་བའི་བྱེད་ཐབས་བསྒྱུར་བ་བཅས་བྱས་ཏེ། དུས་བཀག་ལྟར་དབུལ་ཐར་ལས་འགན་ཡོངས་འགྲུབ་བྱེད་པར་ཧུར་བརྩོན་བྱ་རྒྱུ་ཡིན་ཟེར།

ལོ་ཙཱ་བ། ཀླུ་མོ།