རང་རྒྱལ་གྱི་ཤེས་བྱའི་བདག་དབང་འདྲི་གཅོད་སྒྲིག་སྲོལ་དང་ལམ་སྲོལ་འཛུགས་སྐྱོང་ལ་ཚད་བརྒལ་ཆེན་པོ་བྱུང་བ།

མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་9ཉིན། གསར་འགོད་པར་ཆིང་ཏའོ་རུ་འཚོགས་པའི་རྒྱལ་ཡོངས་ཁྲིམས་ཁང་གི་ཤེས་བྱའི་བདག་དབང་འདྲི་གཅོད་ལས་དོན་ཚོགས་འདུ་ཐེངས་བཞི་པའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ལོ་ལྔའི་རིང་། མི་དམངས་ཁྲིམས་ཁང་གིས་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་གཞིས་ཚུགས་པ་དང་ལམ་ལུགས་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་ནས་ཤེས་བྱའི་བདག་དབང་གི་ཁྲིམས་འཛིན་སྲུང་སྐྱོང་སྒྲིག་སྲོལ་དང་ལམ་སྲོལ་རྒྱུན་ཆད་མེད་པར་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་བཏང་བ་དང་ཤེས་བྱའི་བདག་དབང་འདྲི་གཅོད་མ་ལག་དེང་རབས་ཅན་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པ་རེད།

ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གཞོན་པ་ཐའོ་ཁའེ་ཡོན་གྱིས་རང་རྒྱལ་གྱི་ཤེས་བྱའི་བདག་དབང་ཁྲིམས་ཁང་མ་ལག་འཛུགས་སྐྱོང་ལ་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་ཡོད། 2014ལོའི་ལོ་མཇུག་ཏུ། པེ་ཅིང་དང་། ཧྲང་ཧའེ། ཀོང་ཀྲོའུ་བཅས་སུ་ཤེས་བྱའི་བདག་དབང་ཁྲིམས་ཁང་གཅིག་རྗེས་གཉིས་མཐུད་ངང་བཙུགས་པ་དང་འབྲེལ། གསར་གཏོད་རང་བཞིན་ལྡན་པའི་ངང་ལས་དོན་སྤེལ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་ཤེས་བྱའི་བདག་དབང་ཆེད་མངགས་ཅན་གྱི་འདྲི་གཅོད་ལམ་བུ་ཞིག་རགས་ཙམ་བཙལ་འཚོལ་ཐུབ་ནས་མི་དམངས་མང་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གདེང་འཇོག་བཟང་པོ་ཐོབ་ཡོད་ཅེས་བཤད།

དེ་དང་དུས་མཚུངས། རང་རྒྱལ་གྱི་ཤེས་བྱའི་བདག་དབང་ཆེད་མངགས་ཅན་གྱི་འདྲི་གཅོད་མ་ལག་འཛུགས་སྐྱོང་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་ཞིང་། 2017ལོ་ཚུན་དུ། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་སྔ་རྗེས་སུ་ནན་ཅིང་སོགས་ལྟེ་བའི་གྲོང་ཁྱེར་16ལ་ཤེས་བྱའི་བདག་དབང་གི་ཁྲིམས་ར་འཛུག་རྒྱུའི་ཆོག་མཆན་སྤྲད་པ་དང་། ལེགས་ལྡན་འདྲི་གཅོད་ཐོན་ཁུངས་གཅིག་སྡུད་བྱས་པ། ས་ཁོངས་སྒྲོལ་བའི་དོ་དམ་ཁོངས་གཏོགས་ཀྱི་ཁེ་བེད་བདག་ཐོབ་སོགས་ལག་རྩལ་རིགས་ཀྱི་གྱོད་གཞི་འདྲི་གཅོད་བྱེད་ཚད་སྔར་བས་མཐོ་རུ་ཕྱིན་ཡོད་པ་རེད།

ཐའོ་ཁའེ་ཡོན་གྱིས་2016ལོའི་ཟླ་7པར་《རྒྱལ་ཡོངས་ཁྲིམས་ཁང་གིས་ཤེས་བྱའི་བདག་དབང་གི་དམངས་དོན་དང་། སྲིད་འཛིན། ཉེས་དོན་བཅས་ཀྱི་གྱོད་གཞི་འདྲི་གཅོད་ཀྱི“གསུམ་སྒྲིལ་གཅིག”གི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བསམ་འཆར་》ཁྱབ་བསྒྲགས་བྱས་ཚུན། ཤེས་བྱའི་བདག་དབང་འདྲི་གཅོད་ཀྱི“གསུམ་སྒྲིལ་གཅིག”སྒྱུར་བཅོས་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་ཅེས་བཤད་པ་རེད།