ཀྲུང་དབྱང་ཞིང་ལས་གཞུང་དོན་ཁང་དང་ཞིང་ལས་དང་གྲོང་གསེབ་པུའུ་ཡིས་བརྡ་ཐོ་བཏང་ནས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་བླང་བྱ་བཏོན་པ།

མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་དང་ཞིང་ལས་དང་གྲོང་གསེབ་པུའུ་ཡིས་ཉིན་ཤས་གོང་《ཀྲེ་ཅང་གི“གྲོང་ཚོ་སྟོང་གི་དཔེ་སྟོན་དང་། གྲོང་ཚོ་ཁྲི་བཅོས་སྒྲིག”གི་ཉམས་མྱོང་སློབ་སྦྱོང་དང་ཁྱབ་གདལ་བཏང་སྟེ་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན་སྐོར་གྱི་བརྡ་ཐོ་》བཀྲམ་ནས་ས་གནས་ཁག་གི་འབྲེལ་ཡོད་སྡེ་ཚན་ཁག་གིས་ཀྲེ་ཅང་གི་ཉམས་མྱོང་ལ་སློབ་སྦྱོང་བྱེད་པའི་སྐུལ་སྤེལ་ལས་དོན་སྒྲིག་འཛུགས་ནན་ཏན་བྱས་ནས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་བྱེད་པའི་དམག་འཐབ་ཨང་དང་པོ་ཡག་པོ་རྒྱག་དགོས་པའི་བླང་བྱ་བཏོན་པ་རེད།

བརྡ་ཐོའི་ནང་ནན་བཤད་བྱས་དོན། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན་གྱི་བྱ་ཐབས་ཁག་མགྱོགས་མྱུར་དོན་འཁྱོལ་བྱས་ཐོག་གྲོང་ཚོའི་རྣམ་པ་བཅོས་སྒྲིག་རིམ་སྤོར་དང་། འཚོ་བའི་གད་སྙིགས་གཙང་སེལ། འཚོ་བའི་བཙོག་ཆུ་གཙང་གསིང་། “གསང་སྤྱོད་གསར་བརྗེ” ཞིང་ལས་ཐོན་སྐྱེད་ཀྱི་བེད་མེད་སྙིགས་རོ་ཐོན་ཁུངས་ཅན་དུ་བེད་སྤྱོད་སོགས་གཙོ་གནད་དུ་བྱས་ཏེ་འཆར་འགོད་བཟོ་བ་དང་། བླང་བྱ་གསལ་སྟོན། འགན་འཁྲིའི་ལྟ་སྐུལ་ལ་ཤུགས་སྣོན། ལས་འགན་དོན་འཁྱོལ་ཐུབ་པའི་འགན་ལེན་བཅས་བྱེད་དགོས་པ་མ་ཟད། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་གིས་ཞིང་ཆེན་རིམ་པའི་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལག་བསྟར་ཇུས་གཞི་བཏོན་རྗེས་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་དམ་འཛིན་དང་ཚགས་ཚུད་པོ་བྱེད་དགོས།

བརྡ་ཐོའི་ནང་བླང་བྱ་བཏོན་དོན། གྲོང་ཁྱེར་དང་རྫོང་ཁག་གིས་ཏང་ཨུད་དམ་ཡང་ན་སྲིད་གཞུང་གི་འགོ་ཁྲིད་ཀྱིས་སྣེ་ཁྲིད་པའི་འགོ་ཁྲིད་ལམ་སྲོལ་གང་མགྱོགས་བཙུགས་དགོས་པ་དང་། རིམ་ཁག་ཞིང་ལས་དང་གྲོང་གསེབ་སྡེ་ཚན་གྱིས་རང་འགུལ་ངང་འགན་འཁྲི་འཁུར་ཏེ་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ལས་འགན་ཁག་དོན་འཁྱོལ་བྱེད་དགོས། ས་ཁུལ་ཁག་གིས་ཀྲེ་ཅང་གི་ཉམས་མྱོང་དང་བྱ་ཐབས་དཔྱད་གཞིར་འཛིན་ཏེ་རང་ངོས་ཀྱི་དཔེ་མཚོན་ཡག་པོ་ཕྱོགས་སྡོམ་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་གི་ཚོད་ལྟའི་དཔེ་སྟོན་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ནས་རྫོང་བྱེད་པོ་དང་། ཤང་གྲོང་རྒྱབ་བརྟེན། གྲོང་ཚོ་རྨང་གཞི་བཅས་བྱས་ཏེ་དཔེ་སྟོན་རྫོང་དང་། དཔེ་སྟོན་ཤང་གྲོང་། དཔེ་སྟོན་གྲོང་ཚོ་བཅས་ཁག་གཅིག་ཧུར་ཐག་གཏོད་དགོས།

བརྡ་ཐོའི་ནང་ད་དུང་ནན་བཤད་བྱས་དོན། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན་ཐད་སྤྱི་འདོམས་སྐུལ་འདེད་གཏོང་རྒྱུར་དོ་སྣང་བྱེད་དགོས་པ་དང་། ཚད་གཞིར་མཐོ་དམའ་ཡོད་ཆོག་པ་དང་། རྨང་གཞི་དང་། མཐོང་ཐུབ་པ། ཞིང་པས་སྒྲུབ་ཐུབ་པ་བཅས་ཀྱི་ལས་དོན་ནས་དམ་འཛིན་བྱས་ཏེ་དམའ་ས་ནས་མཐོ་སར་རྒྱུན་ཆད་མེད་པར་ཡར་རྒྱས་གཏོང་དགོས།

བརྡ་ཐོའི་ནང་ད་དུང་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན་གྱི་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་ལས་དོན་སྤེལ་རྒྱུར་བཀོད་སྒྲིག་བྱས་པ་དང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་གིས་རྩིས་ཐོའི་ལམ་ལུགས་བཟོས་ཏེ་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན་གྱི་ལོ་འཁོར་གྱི་འཆར་གཞི་ཏང་ཨུད་སྲིད་གཞུང་གི་དམིགས་ཚད་འགན་འཁྲིའི་དཔྱད་ཞིབ་ཁྱབ་ཁོངས་སུ་བཅུག་ནས་དུས་ཚོད་གསལ་བཟོ་དང་། འགན་འཁྲི་དོན་འཁྱོལ། རིམ་པ་བཞིན་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པ་དང་། ཀྲུང་དབྱང་ཞིང་ལས་གཞུང་དོན་ཁང་དང་། ཞིང་ལས་དང་གྲོང་གསེབ་པུའུ་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱིས་དུས་ཚོད་བདམས་ནས་མཉམ་འབྲེལ་ལས་དོན་ཚོགས་ཆུང་སྒྲིག་འཛུགས་བྱས་ཏེ་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་ལས་དོན་ཡག་པོ་སྤེལ་དགོས་པའི་བླང་བྱ་བཏོན་པ་རེད།