ཀྲུང་གོ་དང་ཨ་རབ་མནའ་འབྲེལ་གྱིས་མཉམ་དུ་འཛམ་གླིང་དབུས་ཤར་ས་ཁུལ་གྱི"དྲ་ཐོག་གི་དར་གོས་ལམ་བུ"ཞིག་བཏོད་པ།

མི་དམངས་དྲ་བའི་འཕྲིན། སོ་ཏི་ཨ་རབ་ཏུ་ས་གནས་དེ་གའི་མིས་དྲ་ཐོག་ནས་ཉོ་སྒྲུབ་བྱེད་སྐབས་JollyChicཞེས་པ་ཐོག་མར་བློ་ངོར་འཁོར་གྱི་ཡོད། དེ་ནི་ཀྲུང་གོའི་ཀྲེ་ཅང་ཀྲི་ཡུས་ཆ་འཕྲིན་ལག་རྩལ་ཚད་ཡོད་ཀུང་སིས་བཙུགས་པའི་མངའ་ཁོངས་སྒྲོལ་བའི་ཅ་དངོས་ཉོ་སྒྲུབ་ཀྱི་དྲ་ཚིགས་ཤིག་ཡིན་པ་དང་དེ་སོ་ཏི་ཨ་རབ་ཀྱི་ཁྱིམ་ཚང་ཕལ་མོར་རྒྱུས་ཡོད། ད་ཆ་འཛམ་གླིང་དབུས་ཤར་ས་ཁུལ་གྱི“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གླེང་སྐབས་སྲོལ་རྒྱུན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ནུས་རྒྱུ་མཉམ་ལས་ཕུད། ཀྲུང་གོའི་དྲ་ཐོག་ཚོང་དོན་གྱིས་འཛམ་གླིང་དབུས་ཤར་ས་ཁུལ་གྱི་ཁེ་ལས་དང་མཉམ་ལས་བྱས་ཏེ་བསྐྲུན་པའི“དྲ་ཐོག་གི་དར་གོས་ལམ་བུ”ཡང་དར་རྒྱས་གོང་འཕེལ་འགྲོ་བཞིན་ཡོད་པ་རེད།

“JollyChicལ་ཅ་དངོས་སྣེ་ཁ་འཛོམས་པའི་ཁར་རིན་གོང་ཁེ་ལ་སྤུས་ཀའང་དག་པོ་ཡོད་པ་མ་ཟད། གཙོ་བོ་མགྱོགས་པོ་སྐྱེལ་གྱི་ཡོད”ཅེས་དྲ་ཚིགས་དེ་ནས་ཅ་དངོས་མང་པོ་ཉོ་མྱོང་བའི་ལོ་25ལ་སླེབས་པའི་སོ་ཏི་ཨ་རབ་ཀུང་སིའི་བཟོ་མོ་ལི་མས་གསར་འགོད་པར་བཤད་བྱུང་།

“ཀྲི་ཡུས་ཆ་འཕྲིན་ལག་རྩལ་ཚད་ཡོད་ཀུང་སི་2013ལོར་སོ་ཏི་ཨ་རབ་ཀྱི་ཁྲོམ་རར་ཞུགས་རྗེས་ལོ་ཁ་ཤས་ནང་ས་གནས་དེའི་ཅ་དངོས་ཉོ་སྒྲུབ་དྲ་ཚིགས་ཆེན་པོ་ཞིག་ཏུ་གྱུར་པ་ནི། ཀུང་སི་རང་ངོས་ཀྱི་གྲངས་གཞི་ཅན་གྱི་སྔོན་ཐོན་དོ་དམ་ཕུད་ས་གནས་དེར་མཛོད་ཁང་བཙུགས་པ་དེ་ཐབས་ཤེས་མཆོག་ཏུ་གྱུར་པ་ཞིག་ཡིན”ཞེས་ཀྲི་ཡུས་ཆ་འཕྲིན་ལག་རྩལ་ཚད་ཡོད་ཀུང་སིའི་དབུ་བཞུགས་ལག་བསྟར་དཔོན་ལི་ཧའེ་གཡན་གྱིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བཤད།

སོ་ཏི་ཨ་རབ་ཏུ་ཀྲི་ཡུས་ཆ་འཕྲིན་ལག་རྩལ་ཚད་ཡོད་ཀུང་སིས་རང་ཉིད་ཀྱི་ལས་སྒོ་ཅོར་ཏན་དང། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། པ་རེན་སོགས་ཉེ་འཁོར་གྱི་ཨ་རབ་རྒྱལ་ཁབ་ཁག་ལ་རྒྱ་བསྐྱེད་བཏང་ཡོད། གནས་ཚུལ་གཏོང་སྤེལ་བྱས་པར་གཞིགས་ན། 2016ལོར་JollyChicཉིད་འཛམ་གླིང་དབུས་ཤར་ས་ཁུལ་ལ་སྐད་གྲགས་ཆེ་ཤོས་དང་ཕྱོགས་བསྡུས་ཨང་རིམ་ཨང་དང་པོར་སླེབས་པའི་སྒུལ་བདེའི་དུད་སྣེའི་དྲ་ཐོག་ཚོང་དོན་གཉེར་མཁན་ཞིག་ཏུ་གྱུར་ཡོད། དེས་མ་ཚད། འཛམ་གླིང་དབུས་ཤར་ས་ཁུལ་གྱི་དྲ་ཐོག་ཚོང་དོན་གཉེར་མཁན་མདུན་གྲལ་ཨང་རིམ་བཅུའི་ཁྲོད་ཕྱེད་ཀ་ཡན་ཀྲུང་གོ་ནས་ཡོང་བ་ཤ་སྟག་ཡིན་པ་རེད།

ཀྲུང་གོའི་དྲ་ཐོག་ཚོང་དོན་འཛམ་གླིང་དབུས་ཤར་ས་ཁུལ་གྱི་ཁྲོམ་རར་ཞུགས་པ་དེས་ས་གནས་དེར་ལས་ཞུགས་ཀྱི་གོ་སྐབས་མང་པོ་བཏོད་ཡོད། ཀྲི་ཡུས་ཆ་འཕྲིན་ལག་རྩལ་ཚད་ཡོད་ཀུང་སིས་སོ་ཏི་ཨ་རབ་ནས་ས་གནས་དེ་གའི་ལས་མི་350དང་ཅོར་ཏན་ནས་ས་གནས་དེ་གའི་ལས་མི་600གླས་ཡོད། 2017ལོའི་ལོ་མཇུག་བར་ཀྲི་ཡུས་ཆ་འཕྲིན་ལག་རྩལ་ཚད་ཡོད་ཀུང་སིས་འཛམ་གླིང་དབུས་ཤར་ས་ཁུལ་དུ་མི་1000ལྷག་ལ་ཐད་ཀའི་ལས་ཞུགས་གོ་སྐབས་ཐོབ་པར་བྱས་ཤིང་། ཚོད་རྩིས་ལ་གཞིགས་ན། ཀྲུང་གོའི་དྲ་ཐོག་ཚོང་དོན་གྱིས་འཛམ་གླིང་དབུས་ཤར་ས་ཁུལ་དུ་མི་5000ལྷག་ལ་ཐད་ཀའི་ལས་ཞུགས་གོ་སྐབས་ཐོབ་པ་བྱས་ཡོད།

ཀྲུང་གོའི་དྲ་ཐོག་ཚོང་དོན་ཁེ་ལས་མང་པོ་འདི་འདྲ་ཞུགས་པ་དེས་འཛམ་གླིང་དབུས་ཤར་ས་ཁུལ་གྱི་དྲ་ཐོག་ཚོང་དོན་འཕེལ་རྒྱས་འགྲོ་རྒྱུར་ལྕག་སྐུལ་ཐེབས་ཤིང་། 2017ལོའི་ཟླ་གསུམ་པར་ཨ་རིའི་དྲ་ཐོག་ཚོང་དོན་ཁེ་ལས་ཆེ་གྲས་ཡ་མ་ཤུན་གྱིས་འཛམ་གླིང་དབུས་ཤར་ས་ཁུལ་གྱི་དྲ་ཐོག་ཚོང་ཁང་རྙིང་གྲས་Souqཞེས་པ་ཉོས་པ་དང་། འཛམ་གླིང་གི་ཅ་དངོས་ཉོ་སྒྲུབ་ལྟེ་གནས་ཆེ་ཤོས་DubaiMallཞེས་པའི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ས་ཁང་ཐོན་ལས་གསར་སྤེལ་ཚོང་པས་ཨ་སྒོར་དུང་ཕྱུར་10བཏང་ནས་འཛམ་གླིང་དབུས་ཤར་ས་ཁུལ་གྱི“ཨ་ལི་པ་པ”ཞིག་གཏོད་རྒྱུ་ཡིན་པ་རེད།

“སླད་ཕྱིན། མ་དངུལ་དང་ལས་གཏོད་པ་སྔར་ལས་མང་བ་འཛམ་གླིང་དབུས་ཤར་ས་ཁུལ་གྱི་དྲ་ཐོག་ཚོང་དོན་ཁྲོམ་རར་ཁྱབ་རྒྱུ་ཡིན་པ་དེས་འཛམ་གླིང་དབུས་ཤར་ས་ཁུལ་གྱི‘དྲ་ཐོག་གི་དར་གོས་ལམ་བུར’དར་རྒྱས་ཀྱི་རྣམ་པ་ཞིག་མངོན་རྒྱུ་རེད”ཅེས་ལི་ཧའེ་གཡན་གྱིས་འཛམ་གླིང་དབུས་ཤར་ས་ཁུལ་དུ་དྲ་ཐོག་ཚོང་དོན་ལས་རིགས་འཕེལ་རྒྱས་གཏོང་རྒྱུར་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་བཤད།