རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིས་པིང་གིས་རྟོག་ཞིབ་ཚན་ཆུང་གི་སྣེ་ཁྲིད་དེ་མཚོ་སྔོན་དུ་ཡོང་ནས་ལྟ་སྐུལ་ཞིབ་བཤེར་བྱས།

ཟླ་བདུན་པའི་ཚེས་དགུ་ཉིན་ནས་ཚེས་བཅུ་གཉིས་ཉིན་བར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིས་པིན་གྱིས་རྟོག་ཞིབ་ཚན་ཆུང་གི་སྣེ་ཁྲིད་དེ་མཚོ་སྔོན་དུ་ཡོང་ནས་རྒྱལ་ཡོངས་སྲིད་གྲོས་ཀྱིས་རང་བྱུང་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་དང་དོ་དམ་ལ་ཤུགས་སྣོན་པའི་སྐོར་གྱི་གྲོས་གཞི་གཙོ་བོར་ལྟ་སྐུལ་ཞིབ་བཤེར་བྱས།

ཟླ་བདུན་པའི་ཚེས་བཅུ་གཉིས་ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱིས་རང་བྱུང་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་དང་དོ་དམ་ལ་ཤུགས་སྣོན་པའི་གྲོས་གཞི་གཙོ་བོའི་ལྟ་སྐུལ་ཞིབ་བཤེར་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་བསྡུས། ལིས་པིན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཉིང་དང་ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཁྲིན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཧྲིག་ཁྲིན་བཅས་གྲོས་ཚོགས་ལ་ཞུགས། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། གྲོས་འདོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། རྟོག་ཞིབ་ཚན་ཆུང་གི་ཚན་གཙོ་གོ་ཀུན་མའོ་ཡིས་ཐོག་མར་ཐེངས་འདིའི་གྲོས་གཞི་ལྟ་སྐུལ་ཞིབ་བཤེར་གནས་ཚུལ་མཚམས་སྦྱོར་བྱས་པ་དང་། ཐེན་ཅིན་ཁྲིན་གྱིས་ཚོགས་ཞུགས་མི་སྣ་ཚོར་མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་དང་དོ་དམ་གནས་ཚུལ་མཚམས་སྦྱོར་བྱས། རྒྱལ་ཁོངས་ཐོན་ཁུངས་ཐིན་དང་ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐིན། ཞིང་ཆེན་ཞིང་ཕྱུགས་ཐོན་སོགས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣས་སྔ་གཞུག་ཏུ་གནས་ཚུལ་སྙན་ཞུ་ཕུལ་བར་མ་ཟད། རྟོག་ཞིབ་ཚན་ཆུང་གི་ཁོངས་མི་དང་ཁ་བརྡ་བརྗེ་རེས་བྱས།

མིག་སྔར། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་བཅུ་གཅིག་བཙུགས་ཡོད་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་འབུམ་གཉིས་དང་ཁྲི་གཅིག་ལྷག་ཡོད་ལ། ཞིང་ཆེན་ཁུལ་ཁོངས་ཀྱི་རྒྱལ་ཁོངས་རྒྱ་ཁྱོན་གྱི་རྒྱ་ཆེའི་སུམ་ཅུ་དང་གྲངས་ཆུང་གཉིས་བཞི་ཟིན། ཤར་ཕྱོགས་ས་ཁུལ་ནས་ནུབ་ཕྱོགས་ས་ཁུལ་དང་། ལྷོ་ཕྱོགས་ས་ཁུལ་ནས་བྱང་ཕྱོགས་ས་ཁུལ་བར། མཚོ་སྔོན་ཞིང་ཆེན་གྱིས་དཔེ་མཚོན་རང་བཞིན་དང་འཐུས་ཚབ་རང་བཞིན། སྣ་མང་རང་བཞིན་བཅས་ཀྱི་ཁྱད་ཆོས་ལྡན་པའི་ནགས་ཚལ་དང་བརླན་ས། ཐང་སྟོང་བཅས་ཀྱི་སྐྱེ་ཁམས་མ་ལག་དང་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཀྱི་རང་བྱུང་སྲུང་སྐྱོབ་ས་ཁུལ་བཙུགས་ཡོད་པ་དང་། ཞིང་ཆེན་ཡོངས་ཀྱི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མཚོ་སྔོན་པོའི་བཞུར་རྒྱུན། མདོ་ལ་རི་ཁུལ། ཚྭ་འདམ་གཞོང་། རྨ་ཆུའི་གཞུང་རྒྱུན་བཅས་ས་ཁུལ་ཆེན་པོ་ལྔའི་ས་ཁམས་ཁུལ་ཁོངས་ཡོངས་ལ་ཁེབས་པའི་རྣམ་པ་གྲུབ་པར་བྱས་ཡོད་ལ། ཅུང་ལུགས་མཐུན་ཡིན་པ་དང་ཅུང་འཐུས་ཚང་ཡིན་པའི་སྲུང་སྐྱོབ་ས་ཁུལ་གྱི་དྲ་རྒྱ་བཀོད་སྒྲིག་བྱས་ཡོད།

ལིས་པིང་གིས་བསྟན་དོན། ད་ལོའི་ཟླ་ལྔ་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་སྟེང་རང་འགུལ་གྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གཉིས་གཅིག་གྱུར་བྱས་ཏེ་ཏང་གི་མགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱིས་སྟོབས་ཤུགས་གཅིག་བསྡུས་བྱས་ཏེ་དོན་ཆེན་སྒྲུབ་པའི་ཆབ་སྲིད་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཁོར་ཡུག་གནད་དོན་ཐག་གཅོད་བྱེད་པ། འབག་བཙོག་འགོག་བཅོས་བྱ་བ་བཟང་བོར་སྒྲུབ་པ་བཅས་བྱས་ཏེ་རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་བྱེད་དགོས་ཞེས་ནན་གྱིས་བསྟན་པ་དེས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་འདོད་བློ་དང་ཆོད་སེམས་སྔར་ལས་མཚོན་པར་བྱས་ཡོད། ཉེ་བའི་ལོ་འགའི་རིང་ལ། ཀྲུང་དབྱང་གི་མགོ་ཁྲིད་འོག མཚོ་སྔོན་གྱིས་སྲུང་སྐྱོབ་ས་ཁུལ་གྱི་ཐུན་མོང་མ་ཡིན་པའི་རང་བྱུང་ཐོན་ཁུངས་དང་། ཕུན་སུམ་ཚོགས་པའི་སྐྱེ་ཁམས་མཛེས་ལྗོངས་དང་དམངས་སྲོལ་རིག་གནས་བེད་སྤྱོད་བྱས་ཏེ་རྒྱུན་ཆད་མེད་པར་བྱ་བའི་ནང་རྐྱེན་འཚོལ་ཞིབ་དང་གསར་གཏོད་བྱས་ནས་སྐྱེ་ཁམས་སྲུང་སྐྱོབ་དང་རང་བྱུང་སྲུང་སྐྱོབ་ལུགས་མཐུན་སྒོས་བེད་སྤྱོད་བྱེད་པའི་རྣམ་པ་བཟང་བོ་མངོན་འགྱུར་བྱས་པ་དང་གྲུབ་འབྲས་བཟང་བོ་བླངས། དེ་དང་མཉམ་དུ། ཀྲུང་དབྱང་གི་རང་བྱུང་སྲུང་སྐྱོབ་ཁུལ་ལྟ་སྐུལ་དོ་དམ་བྱ་བའི་ཁྲོད་རྙེད་པའི་གནད་དོན་ལ་དམིགས་ནས་མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སོགས་ཀྲུང་དབྱང་མགོ་ཁྲིད་བློ་མཐུན་དག་གི་མཆན་བཀོད་དགོངས་དོན་བློ་བརྟན་འགྱུར་མེད་སྒོས་ལག་བསྟར་དོན་འཁྱོལ་བྱས་པ་དང་། གཟབ་ནན་གྱིས་དག་ཐེར་བྱ་བ་སོ་སོར་སྐུལ་འདེད་བཏང་སྟེ་བྱེད་ཐབས་ནུས་ལྡན་སྤྱད་ནས་དག་ཐེར་དམིགས་འབེན་གཞི་རྩའི་སྟེང་མངོན་འགྱུར་བྱས་ཡོད་ཟེར།

ལིས་པིང་གིས་ནན་གྱིས་བསྟན་དོན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དོན་སྙིང་གལ་ཆེན་ལ་དམིགས་ཏེ་ང་ཚོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པ་དེ་ཏང་གི་སྲོལ་ཡིག་ནང་བཞག་པར་མ་ཟད། རྒྱལ་ཡོངས་དམངས་ཆེན་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བཅའ་ཁྲིམས་ཁྲོད་འཇོག་པར་སྐུལ་འདེད་བཏང་། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པ་དེ་གནས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་ཁྲོད་བཞག་རྗེས། ང་ཚོས་འབྲེལ་ཡོད་བྱ་བར་རྒྱུན་ཆད་མེད་པར་ཤུགས་བསྣན་པ་དང་། འབྲེལ་ཡོད་སྒྲིག་གཞིའི་ནང་རྐྱེན་ཡང་དངོས་སུ་ལེགས་སྒྲིག་དང་འཐུས་ཚང་དུ་གཏོང་བའི་གོ་རིམ་ཁྲོད་གནས་ཡོད། རྒྱལ་ཡོངས་སྲིད་གྲོས་ཀྱིས་ཐོག་མཐའ་བར་གསུམ་ཀུན་ཏུ་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་། མི་དམངས་མང་ཚོགས་ཀྱི་བདེ་ཐང་དང་བདེ་སྐྱིད་ཐད་ཐུགས་ཁུར་གནང་བཞིན་ཡོད། ཚང་མས་དེ་རིང་གི་ཚོགས་ཆེན་སྟེང་ཚུར་སྣང་བྱས་པའི་གནད་དོན་དང་བསམ་འཆར་དག་ང་ཚོས་གཟབ་ནན་གྱིས་སྤྱི་བསྡོམས་ལེགས་སྒྲིག་བྱས་ཏེ་འོས་མཚམས་ཀྱི་རྣམ་པའི་སྒོ་ནས་ཀྲུང་དབྱང་དང་འབྲེལ་ཡོད་སྡེ་ཁག་ལ་སྙན་ཞུ་ཕུལ་ཏེ་གྲོས་གཞིས་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྲོད་ཐོན་པའི་བྱེད་ནུས་འདོན་སྤེལ་བྱེད་ངེས། མཚོ་སྔོན་ལ་རྟོག་ཞིབ་བྱེད་སྐབས། རྟོག་ཞིབ་ཚན་ཆུང་སྔ་གཞུག་ཏུ་མཚོ་སྔོན་པོའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དང་མདོ་ལ་རི་བོའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དུ་སོང་ནས་སྐྱེ་ཁམས་བཅོས་སྐྱོང་ཉམས་གསོ་གནས་ཚུལ་ལ་ཡུལ་དངོས་ནས་ལྟ་ཞིབ་བྱས་པར་མ་ཟད། འབྲེལ་ཡོད་འགན་ཁུར་མི་སྣ་དང་ས་གནས་དེའི་ལས་བྱེད་པ་མང་ཚོགས་རྣམས་དང་ལྷན་དུ་ཁ་བརྡ་བརྗེ་རེས་བྱས།